[86A] །།རྒྱ་གར་སྐད་དུ་ཨཱརྱ་མཧཱ་ཀ་རུ་ཎཱ་ པུཎྜ་རཱི་ཀ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྙིང་རྗེ་ཆེན་པོའི་པདྨ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་ ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ན་གྱད་རྣམས་ཉེ་བར་གནས་པ་ཤིང་སཱ་ལའི་ཚལ་ ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ་ཀུན་དགའ་བོ། །དེ་བཞིན་གཤེགས་ པ་དོ་ནུབ་ཀྱི་ནམ་གྱི་ཐུན་ཐ་མ་ལ་ཡོངས་སུ་མྱ་ངན་ལས་འདས་ནས། ཁྱོད་ཀྱིས་ཤིང་སཱ་ལ་ཟུང་གི་བར་དུ་དེ་བཞིན་གཤེགས་པ་སེང་གེ་ལྟར་གློ་གཡས་པས་མནལ་ བའི་གཟིམས་མལ་ཆོས་ཤིག་ཀུན་དགའ་བོ། འདུས་བྱས་སུ་བརྟགས་པ་ཐམས་ཅད་ལེགས་པར་བཅོམ་པའི་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདའ་བས་ང་ཡོངས་ [86B] །ཀུན་དགའ་བོ། ངས་སངས་རྒྱས་ཀྱི་བྱ་བ་ནི་བྱས། ངས་གནས་མེད་པའི་ཆོས་ཞི་བ། རབ་ཏུ་ཞི་བ་མཆོག་གྱ་ནོམ་པ་ཟབ་པ། མཐོང་བར་དཀའ་ བ། ཁོང་དུ་ཆུད་པར་དཀའ་བ། རྟག་མི་ནུས་པ། མ་བརྟགས་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། མཁས་པ་དང་མཛངས་པས་རིག་པ། ཕུལ་དུ་ཕྱིན་པར་འཕགས་པའི་ བདུད་རྩི་ནི་བསྟན། ཀུན་དགའ་བོ། ངས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་དགེ་སྦྱོང་ངམ་བྲམ་ཟེའམ་བདུད་དམ་ལྷའམ་ཚངས་པའམ་གཞན་གང་གིས་ཀྱང་ཆོས་དང་མཐུན་ པར་འཇིག་རྟེན་དུ་མ་བསྐོར་བ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བ་ནི་བསྐོར། ངས་ཆོས་ཀྱི་རྔ་བོ་ཆེ་ནི་བརྡུངས་ངས་ཆོས་ཀྱི་དུང་ཆེན་པོ་ནི་བུས། ངས་ ཆོས་ཀྱི་རྒྱལ་མཚན་ཆེན་པོ་ནི་བསྒྲེངས། ངས་ཆོས་ཀྱི་མར་མེ་ཆེན་པོ་ནི་བུས། ངས་མུན་པ་ཆེན་པོ་ནི་བསལ། ངས་སྟོང་གསུམ་ནི་སྣང་བར་བྱས། ངས་གྲུ་ཆེན་པོ་ནི་ བཅས། ངས་སྟེགས་ཆེན་པོ་ནི་བཙུགས། ངས་ཟམ་པ་ཆེན་པོ་ནི་བཏགས་ངས་ཕ་རོལ་ཏུ་འདོང་བ་མང་པོ་ནི་བཏོན། ངས་ཐར་པའི་ལམ་ནི་ཡང་དག་པར་བསྟན་ ངས་ཆོས་ཀྱི་ཆར་ཆེན་པོ་ནི་ཕབ། ངས་ལྷ་དང་མི་རྣམས་ནི་ཚིམ་པར་བྱས། ངས་གདུལ་བ་རྣམས་ནི་བཏུལ། ངས་ཕས་ཀྱི་རྒོལ་བ་ཐམས་ཅད་ནི་སྐྲག་པར་བྱས་ [87A]༄༅། །ངས་མུ་སྟེགས་ཀྱི་གནས་ཐམས་ཅད་ནི་ཚར་བཅད། ངས་བདུད་ཀྱི་སྟོབས་ནི་བཅོམ། ངས་བདུད་ཀྱི་གནས་ནི་གཡོ་བར་བྱས། ངས་སེང་གེའི་ སྒྲ་ནི་བསྒྲགས། ངས་སངས་རྒྱས་ཀྱི་བྱ་བ་ནི་བྱས། ངས་སྐྱེས་བུ་དམ་པའི་ལས་ནི་མཐར་ཕྱུང། ངས་སྔོན་གྱི་ཡི་དམ་ནི་ཡོངས་སུ་རྫོགས་པར་བྱས། ངས་ཆོས་ཀྱི་ཚུལ་ནི་བྱིན་ གྱིས་བརླབས། ངས་ཉན་ཐོས་ཆེན་པོ་རྣམས་ལས་བྱེད་དུ་ནི་བཙུད་མ་འོངས་པའི་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པར་བྱ་བའི་ཕྱིར་ངས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ལུང་ནི་བསྟན་ཟིན་ཏེ། ཀུན་དགའ་བོ། མྱ་ངན་ལས་འདའ་བ་མ་གཏོགས་པར་ཕྱིས་བྱ་བ་ང་ལ་མེད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ ལྡན་འདས་ཀྱི་གསུང་རྣམ་པ་དེ་ལྟ་བུ་དེ་ཐོས་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ་མི་དགའ་ཞིང་མྱ་ངན་ཆེན་པོའི་ཟུག་རྔུས་ཟུག་པར་གྱུར་ནས་རབ་ཏུ་ངུས་ཏེ་མཆི་མ་ཟག་བཞིན་ དུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རབ་ཏུ་མྱུར་བར་མྱ་ངན་ལས་འདའ་ཞིང་བདེ་བར་གཤེགས་པ་རབ་ཏུ་མྱུར་བར་མྱ་ངན་ལས་འདའ་སྟེ་ འཇིག་རྟེན་གྱི་མིག་རབ་ཏུ་མྱུར་བར་མི་སྣང་བར་འགྱུར། རབ་ཏུ་མྱུར་བར་འཇིག་རྟེན་མགོན་མ་མཆིས་པ་དང་སྐྱབས་མ་མཆིས་པ་དང་ཡོངས་སུ་འདྲེན་པ་མ་མཆིས་པར་ [87B] །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཆོག་གི། མྱ་ངན་མ་བྱེད་ཅིག་སྨྲེ་སྔགས་མ་འདོན་ཅིག་གང་གནས་པ་ དང། བྱུང་བ་དང། འདུས་བྱས་པ་དང། བསགས་པ་ནི་རབ་ཏུ་འཇིག་པའི་ཆོས་ཅན་ཡིན་པས་མི་འཇིག་པར་ག་ལ་འགྱུར་ཏེ་དེ་ནི་གནས་མེད་དོ། །ཀུན་དགའ་བོ། ངས་ཐོག་མ་ ཉིད་དུ་ཁྱེད་ལ་དགའ་བ་དང། སྡུག་པ་དང། ཡིད་དུ་འོང་བ་རྣམས་དང་ཐ་དད་དུ་འགྱུར་ཞིང་འགྱེས་པར་འགྱུར། བྲལ་བར་འགྱུར། བྱེ་བར་འགྱུར་རོ་ཞེས་མ་བསྟན་ཏམ། ཀུན་ དགའ་བོ་ཁྱོད་ཀྱིས་ང་ལ་བྱམས་པའི་ལུས་ཀྱི་ལས་ཕན་པ་དང་བདེ་བ་དང། གཉིས་སུ་མེད་པ་དང། ཚད་མེད་པ་དང། མི་མཐུན་པ་མེད་པས་བསྙེན་བཀུར་བྱས་སོ། །ཀུན་དགའ་ པོ༑ གང་ལྷ་དང་མི་དང་ལྷ་མ་ཡིན་གྱི་འཁོར་དུ་བཅས་པ་དང་ཉན་ཐོས་དང་རང་སངས་རྒྱས་སུ་བཅས་པ་ལ་བསྐལ་པའམ་བསྐལ་པ་ལས་ལྷག་པར་བསྙེན་བཀུར་བྱས་པ་ པས་གང་དེ་བཞིན་གཤེགས་པ་ལ་ཡུད་ཙམ་ཞིག་བསྙེན་བཀུར་བྱས་པ་དེ་དེ་བས་འབྲས་བུ་ཤིན་ཏུ་ཆེའི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་ཅིག་སྨྲེ་སྔགས་མ་འདོན་ཅིག་ ཀུན་དགའ་བོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་པ་ནི་དོན་ཆེ་བ་དང། འབྲས་བུ་ཆེ་བ་དང། ཕན་ཡོན་ཆེ་བ་དང་རྒྱ་ཆེ་བ་དང། བདུད་རྩི་དང་འདྲ་བ་དང་ [88A]༄༅། །བདུད་རྩིལ་འབབ་པ་དང། བདུད་རྩིའི་མཐར་འགྱུར་བ་ནས་མྱ་ངན་ལས་འདའ་བའི་བར་དུ་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་མཆི་ མ་ཕྱིས་ནས་སྨྲེ་སྔགས་འདོན་ཅིང་ཤིང་སཱ་ལ་ཟུང་གི་བར་དུ་དེ་བཞིན་གཤེགས་པ་སེང་གེ་ལྟར་གློ་གཡས་པས་མནལ་བའི་གཟིམས་མལ་བཅས་སོ། །དེ་ནས་བཅོམ་ལྡན་ འདས་ཤིང་སཱ་ལ་ཟུང་ག་ལ་བ་དེར་གཤེགས་ནས་ཤིང་སཱ་ལ་ཟུང་གི་བར་དུ་སེང་གེ་ལྟར་གློ་གཡས་པས་མནལ་ལོ། །གང་གི་ཚེ་དེ་བཞིན་གཤེགས་པ་ཤིང་སཱ་ལ་ཟུང་གི་ བར་དུ་སེང་གེ་ལྟར་གློ་གཡས་པས་མནལ་བར་གྱུར་པ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཤིང་དང་རྩྭ་དང། ཤིང་གེལ་བ་དང། སྨན་དང་ ནགས་ཚལ་ཐ་ན་སོར་བཞི་ཙམ་པོ་ཡན་ཆད་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་གང་དུ་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བ་དེ་ལོགས་སུ་གཞོལ་འདུད། རབ་ཏུ་འདུད་ ཅིང་མངོན་པར་འདུད་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཀླུང་ངམ། འབབ་ཆུའམ། ཆུ་མིག་གམ་མྪོའམ། ལྟེང་ཀའམ། ཁྲོན་ པའམ། རྫིང་ངམ། པདྨ་དཀར་པོ་འབབ་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་མཐུས་བྱིན་གྱིས་བརླབས་པས་མི་འབབ་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ [88B] རི་དྭགས་མང་པོ་སྣ་ཚོགས་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུས་སྒྲ་མི་འབྱིན་པར་འཁོད་ཅིང་མི་ཟ་མི་རྒྱུ་ བར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཉི་མ་དང་ཟླ་བའི་འོད་དམ། སྐར་མའི་གཟུགས་སམ། ནོར་བུའམ་མེའམ་སྲིན་བུ་མེ་ཁྱེར་གྱི་འོད་ཇི་སྙེད་ ཡོད་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་མཐུས་མི་མངོན་མི་སྣང་སྟེ། ལྷམ་མེར་མ་ཡིན། ལྷན་མེར་མ་ཡིན། ལྷང་ངེར་མ་ཡིན་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་ན་སེམས་ཅན་དམྱལ་བ་ཆེན་པོའི་མེ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུས་ཞི་བར་གྱུར། མི་འབར་བར་གྱུར། མི་ཚ་བར་གྱུར། མི་ཚིག་པར་ གྱུར༑ ཡོངས་སུ་མི་གདུང་བར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གང་སེམས་ཅན་དམྱལ་བ་ཆེན་པོའི་མེ་དེ་དག་ཐམས་ཅད་ཀྱང་ཉེ་བར་ཞི་ཞིང་ བསིལ་བར་གྱུར་ཏོ། །དེ་ནས་སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་ཐམས་ཅད་སྐད་ཅིག་དེ་དང་ཡུད་ཙམ་དེའི་ཚེ་སངས་རྒྱས་ཀྱི་མཐུས་བདེ་བ་ཐོབ་པར་གྱུར་ཏོ། །དུད་ འགྲོའི་སྐྱེ་གནས་པའི་སེམས་ཅན་ཐམས་ཅད་ཀྱང་བྱམས་པའི་སེམས་དང་ཕན་པའི་སེམས་དང་ལྡན་པར་གྱུར་ཏེ། གཅིག་ལ་གཅིག་གནོད་སེམས་མེད། རྣམ་པར་འཚེ་ [89A]༄༅། །བ་མེད། རྣམ་པར་མཐོ་འཚམ་པ་མེད་ཅིང་གནོད་པ་བྱེད་པ་མེད་པར་གྱུར་ཏོ། །གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་ཐམས་ཅད་ཀྱང་བཀྲེས་ པ་དང། སྐོམ་པ་མེད་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་དང་ཡུད་ཙམ་དེའི་ཚེ་སངས་རྒྱས་ཀྱི་མཐུས་བདེ་བ་དང་ལུས་དང་སེམས་ཚིམ་པ་དང། སྡུག་ བསྔལ་རྒྱུན་ཆད་པ་དང། བདེ་བ་དང་ཡིད་བདེ་བ་མཆོག་དང་ལྡན་པར་གྱུར་ཏོ། །དེ་བཞིན་གཤེགས་པ་སེང་གེ་ལྟར་གློ་གཡས་པས་མནལ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རིའི་རྒྱལ་པོ་རི་རབ་དང། ཁོར་ཡུག་དང། ཁོར་ཡུག་ཆེན་པོ་དང། བཏང་ཟུང་དང། བཏང་ཟུང་ཆེན་པོ་དང། སྤོས་ཀྱི་ངད་ལྡང་དང་ གངས་རི་ཇི་སྙེད་ཡོད་པ་དང། གཞན་ཡང་རི་ནག་པོ་རྣམས་དང་ཐམས་ཅད་དང་ལྡན་པའི་ས་ཆེན་པོ་དང། རྒྱ་མཚོ་ཆེན་པོ་ཁོར་ཡུག་གི་འོབས་ཀྱི་མཐས་གཏུགས་ པ་རྣམ་པ་དྲུག་ཏུ་གཡོས་ཏེ། འགུལ། རབ་ཏུ་འགུལ། འཁྲུགས། རབ་ཏུ་འཁྲུགས། ལྡེག། རབ་ཏུ་ལྡེག་པར་གྱུར་ཏོ། །ཐམས་ཅད་དང་ལྡན་པའི་རླུང་གི་དཀྱིལ་འཁོར་ཡང་དེའི་ ཚེ་མི་ལྡང་བར་གྱུར་ཏོ། དེའི་ཚེ་སྐད་ཅིག་དེ་དང་ཡུད་ཙམ་དེ་ན་སེམས་ཅན་ཐམས་ཅད་ཀྱང་ལས་བྱེད་པ་རྣམས་བཏང་བར་གྱུར་ཏེ་གཉིད་མེད། ཆོད་པ་མེད། སྒྲིབ་ [89B] ཚོམ་པ་མེད་ཅིང་མི་འཛེར་བར་གྱུར་ཏེ། སྒྲ་ཆུང་ཅ་ཅོ་ཆུང་ཞིང་ཡིད་མི་གཡེང་བར་གྱུར་ཏོ། །བཅོམ་ལྡན་འདས་སེང་གེ་ལྟར་གློ་གཡས་པས་མནལ་མ་ཐག་ཏུ་སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་ དང། བརྒྱ་བྱིན་དང། ཚངས་པ་དང། འཇིག་རྟེན་སྐྱོང་བ་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས་རང་རང་གི་གནས་རྣམས་མོག་མོག་པོར་གྱུར་ཏེ་འོད་མེད་གཟི་བརྗིད་མེད་ པར་གྱུར་པར་ཤེས་སོ། །དེ་བཞིན་གཤེགས་པ་སེང་གེ་ལྟར་གློ་གཡས་པས་མནལ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ལྷ་དང། ཀླུ་དང་ གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡང་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། བརྒྱ་བྱིན་དང་ཚངས་པ་དང། འཇིག་རྟེན་སྐྱོང་བ་ཇི་སྙེད་འཁོད་པ་ དེ་དག་ཐམས་ཅད་རང་རང་གི་སྟན་དང་སྐྱེད་མོས་ཚལ་དང་གཞལ་མེད་ཁང་རྣམས་ལ་མི་དགའ་བར་གྱུར་ཏོ། །སངས་རྒྱས་ཀྱི་མཐུས་དེ་དག་ཐམས་ཅད་འཁོར་དང་བཅས་ པར་སྐྱོ་ཞིང་ཡིད་བྱུང་བར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཚངས་པ་དང། ཚངས་པ་ཆེན་པོ་གང་དག་ཟིལ་གྱིས་གནོན་ཅིང་ཟིལ་གྱིས་ [90A]༄༅། །མི་ནོན་པ་བརྒྱ་ཕྲག་བཅུ་ལ་དབང་སྒྱུར་བ་འདི་སྙམ་དུ་སེམས་ཤིང་བདག་ཅག་གིས་སེམས་ཅན་འདི་དག་བྱས། བདག་ཅག་གིས་སེམས་ ཅན་འདི་དག་སྤྲུལ། བདག་ཅག་གིས་འཇིག་རྟེན་བྱས། བདག་ཅག་གིས་འཇིག་རྟེན་སྤྲུལ་ལོ་སྙམ་དུ་དེ་ལྟར་ཤེས་པའི་ཚངས་པ་དང། ཚངས་པ་ཆེན་པོ་སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་འཁོད་པ་དེ་དག་ཀྱང་རང་རང་གི་སྟན་ལ་མངོན་པར་མི་དགའ་བར་གྱུར་ཏོ། །རང་རང་གི་གནས་ཐམས་ཅད་དང་ལྡན་པའང་སངས་ རྒྱས་ཀྱི་མཐུས་མོག་མོག་པོར་གྱུར་པ་ཤེས་སོ། །དེ་བཞིན་དུ་ཚངས་པ་གཞན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུས་རང་རང་གི་གནས་རྣམས་མོག་མོག་པོར་གྱུར་པར་ ཤེས་ཏེ། རང་རང་གི་གནས་རྣམས་ལ་མི་དགའ་བར་གྱུར་ཏོ། །འཇིག་རྟེན་སྐྱོང་བ་དང། དབང་ཕྱུག་ཆེན་པོ་དང། གནས་གཙང་མ་པ་རྣམས་ཀྱང་རང་རང་གི་གནས་རྣམས་ ལ་མི་དགའ་བར་གྱུར་ཏོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚངས་པ་ཆེན་པོ་དེ་འདི་སྙམ་དུ་གང་གིས་བདག་རང་གི་གནས་ལ་མི་དགའ་བར་གྱུར་པ་དེ་སུའི་སྔ་ ལྟས་ཡིན་སྙམ་དུ་སེམས་སོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚངས་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་ལྡན་པ་ལ་བལྟས་སོ།། [90B]བལྟས་ནས་འདི་སྙམ་དུ་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་བྱེད་པ་པོ་དབང་ཕྱུག་བདག་ པོ་དབང་སྒྱུར་བ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དོ་མོད་མྱ་ངན་ལས་འདའ་བར་འགྱུར་ཏེ་གང་གིས་བདག་རང་གི་སྟན་ལ་འདུག་ པར་མི་དགའ་བ་དང། གང་གིས་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་རྨད་དུ་བྱུང་བ་འདི་ལྟ་བུ་དག་སྣང་བར་གྱུར་པ་འདི་ནི་དེ་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་ལྟས་ཡིན། འདི་ ནི་དེའི་མཐུ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་མི་དགའ་ཞིང་ཡིད་དུང་ཞེས་བྱེད་དེ། སྤུ་ཟིང་ཞེས་བྱེད་པར་གྱུར་ནས་ཚངས་པའི་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ ཏེ་མྱུར་བ་མྱུར་བར་རིངས་པར་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ། །དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོ་ན་ཚངས་པ་ལྷག་མ་ལུས་པར་གྱུར་པ་དང། མ་འདུས་པ་དང་ ཚངས་པ་དེ་ལས་གཞན་པ་ཇི་སྙེད་ཡོད་པ་དེ་དག་འཕགས་པའི་ཆོས་ལ་མངོན་པར་དུལ་བར་གྱུར། འཕགས་པའི་ཆོས་ལ་གནས་པར་གྱུར་ཏོ་།དེ་ནས་སྟོང་གསུམ་གྱི་སྟོང་ ཆེན་པོའི་ཚངས་པ་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ [91A]༄༅། །ཏོ༑ ༑བཅོམ་ལྡན་འདས། ཇི་ལྟར་གནས་པར་བགྱི་བ་དང། ཇི་ལྟར་བསྒྲུབ་པར་བགྱི་བ་བདག་ལ་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་པ་ དང། བཅོམ་ལྡན་འདས་ཀྱིས་ཚངས་པ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ཁྱོད་ང་ནི་ཚངས་པ་ཚངས་པ་ཆེན་པོ་ཟིལ་གྱིས་གནོན་ཅིང་ཟིལ་གྱིས་མི་ནོན་ པ་ཀུན་ཤེས་པ་དང་ལྡན་པ་བརྒྱ་ཕྲག་བཅུ་ལ་དབང་སྒྱུར་བ་ཡིན་ཏེ། བདག་གིས་སེམས་ཅན་རྣམས་བྱས། བདག་གིས་སེམས་ཅན་རྣམས་སྤྲུལ་བདག་གིས་འཇིག་རྟེན་ བྱས། བདག་གིས་འཇིག་རྟེན་སྤྲུལ་ཏོ་ཞེས་དེ་སྙམ་དུ་སེམས་ཤིང་དེ་སྐད་ཟེར་ཞེན། བདེན་ནམ། གསོལ་པ། བཅོམ་ལྡན་འདས། མད་དོ། །བདེ་བར་གཤེགས་པ་ མད་དོ། །བཀའ་སྩལ་པ། ཚངས་པ་ཁྱོད་སུས་བྱས། །སུས་སྤྲུལ། དེ་ནས་ཚངས་པ་ཆེན་པོ་ཅང་མི་སྨྲ་བར་གྱུར་ཏོ། །ཚངས་པ་ཆེན་པོ་དེ་ཅང་མི་སྨྲ་བར་གྱུར་པ་དང་བཅོམ་ ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ། གང་གི་ཚེ་བསྐལ་པས་བསྲེགས་པ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ འབར་རབ་ཏུ་འབར། ཀུན་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་པར་འགྱུར་བའི་དུས་དེ་དང་ཚེ་དེ་འབྱུང་བ་དེ་ཚངས་པ་ཁྱོད་ཉིད་ཀྱིས་ [91B] ཁྱོད་ཀྱིས་སྤྲུལ་ཏམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཀའ་སྩལ་པ། ཚངས་པ། གང་ས་ཆེན་པོ་འདི་ནི་ཆུའི་ཕུང་པོ་ལ་བརྟེན། ཆུའང་རླུང་ལ་བརྟེན་ རླུང་ཡང་ནམ་མཁའ་ལ་བརྟེན་ཏེ་འཕང་དུ་དཔག་ཚད་དྲུག་ཁྲི་བརྒྱད་སྟོང་ཡོད་ཅིང་མི་འཇིག་པ་དེ་ལ་ཇི་སྙམ་དུ་སེམས། འདི་ཁྱོད་ཀྱིས་བྱས་ཤིང་ཁྱོད་ཀྱིས་སྤྲུལ་ཏམ། གསོལ་ པ༑ བཅོམ་ལྡན་འདས། མ་ལགས་སོ། །བདེ་བར་གཤེགས་པ། མ་ལགས་སོ་།བཀའ་སྩལ་པ། ཚངས་པ། གང་ཉི་མ་དང་ཟླ་བའི་གཞལ་མེད་ཁང་ན་ལྷའི་བུ་དག་ལམ་ མེ་མ་ཡིན། ལྷན་ནེ་མ་ཡིན་ཞིང་གཞལ་མེད་ཁང་རྣམས་སྟོང་པར་འཁོད་པའི་དུས་དེ་དང་ཚེ་དེ་འབྱུང་བ་དེ་ལ་ཇི་སྙམ་དུ་སེམས་ཚངས་པ་དེ་དག་ཁྱོད་ཀྱིས་བྱས་ཤིང་ ཁྱོད་ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ་གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཀའ་སྩལ་པ། གང་སོས་ཀ་དང། དབྱར་དང། སྟོན་ དང། དགུན་དང། དགུན་སྨད་དང། དཔྱིད་ཀྱི་དུས་ཚིགས་དེ་དག་ལ་ཁྱོད་ཇི་སྙམ་དུ་སེམས། དེ་དག་ཀྱང་ཚངས་པ་ཁྱོད་ཀྱིས་བྱས་ཤིང་ཁྱོད་ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་ བྱིན་གྱིས་བརླབས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ་།བཀའ་སྩལ་པ། ཚངས་པ་གང་ཆུའམ། མེ་ལོང་གི་དཀྱིལ་འཁོར་རམ། འབྲུ་མར་དང་ [92A]༄༅། །མར་གྱི་སྣོད་དམ། ནོར་བུ་དང། ཤེལ་རྣམས་ཀྱི་ནང་ངམ་དེ་ལས་གཞན་པའི་སྣོད་དག་པ་རྣམས་ལ་གཟུགས་བརྙན་རྣམས་པ་སྣ་ཚོགས་སྣང་བ་ འདི་ལྟ་སྟེ་ཤིང་ལྗོན་པ་དང། ནགས་ཚལ་དང། ཀུན་དགའ་ར་བ་དང། སྐྱེད་མོས་ཚལ་དང། གཞལ་མེད་ཁང་སྣང་བའམ། གྲོང་དང་གྲོང་ཁྱེར་དང། གྲོང་བརྡལ་སྣང་ བའམ། གླང་པོ་ཆེ་དང། རྟ་དང། རྔ་མོ་དང། བ་ལང་དང་བོང་བུ་དང། ལུག་དང། རི་དྭགས་དང། བྱ་རྣམས་སྣང་བའམ། ཟླ་བ་དང་ཉི་མ་དང་སྐར་མའི་ཚོགས་རྣམས་ སྣང་བའམ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་སྐུ་སྣང་བའམ། ས་དང་རི་དང་ཀླུང་སྣང་བའམ། བརྒྱ་བྱིན་དང་ ཚངས་པ་དང་འཇིག་རྟེན་སྐྱོང་བ་དང། དེ་ལས་གཞན་པའི་སེམས་ཅན་མི་དང་མི་མ་ཡིན་པ་སྣང་བ་དེ་དག་ཚངས་པ་ཁྱོད་ཀྱིས་བྱས་ཤིང་ཁྱོད་ཀྱིས་སྤྲུལ་པ་དང། ཁྱོད་ ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ། གསོལ་བ། བཅོམ་ལྡན་འདས། མ་ལགས་སོ། །བཀའ་སྩལ་པ། ཚངས་པ། གཡང་ས་དང། རི་དང། རིའི་འབབ་ཆུ་དང། རྫིང་ རྣམས་ན་དུང་དང། རྔ་བོ་ཆེ་དང། རྫ་རྔ་དང། གླུ་གར་དང། རི་དྭགས་དང། བྱ་དང། མི་དང། མི་མ་ཡིན་པ་རྣམས་ཀྱི་སྒྲའི་བྲག་ཅ་དང། གང་དེ་དང་མཐུན་པའི་སྒྲ་བརྙན་ [92B]ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཀའ་སྩལ་ པ། ཚངས་པ། གང་སེམས་ཅན་རྣམས་ཀྱི་རྨི་ལམ་ན་གཟུགས་སྣ་ཚོགས་མཐོང་བ་དང། སྒྲ་སྣ་ཚོགས་ཐོས་པ་དང། དྲི་སྣ་ཚོགས་སྣོམ་པ་དང། རོ་སྣ་ཚོགས་མྱོང་བ་དང། རེག་ བྱ་སྣ་ཚོགས་རེག་པ་དང། ཆོས་སྣ་ཚོགས་ཤེས་པ་དང། དགའ་བ་དང་རྩེ་བ་སྣ་ཚོགས་མྱོང་བ་དང། མཆི་མ་བྱུང་བ་དང། ངུ་བ་དང། འཇིགས་པ་དང། སྐྲག་པ་དང། སྡུག་ བསྔལ་བ་མཐོང་བའམ། མྱོང་བའམ་ཤེས་པ་དེ་དག་ཚངས་པ་ཁྱོད་ཀྱིས་བྱས་ཤིང་ཁྱོད་ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་ འདས། མ་ལགས་སོ། །བཀའ་སྩལ་པ། ཚངས་པ། གང་སེམས་ཅན་རྣམས་ཀྱི་འཇིགས་པ་དང་མི་དགའ་བ་དང། མྱ་ངན་དང་སྨྲེ་སྔགས་འདོན་པ་དང། གྲང་བ་དང་ཚ་བ་ དང། བཀྲེས་པ་དང་སྐོམ་པ་དེ་དག་ཚངས་པ་ཁྱོད་ཀྱིས་བྱས་ཤིང་ཁྱོད་ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ ལགས་སོ། །བཀའ་སྩལ་པ། ཚངས་པ། གང་རིགས་བཞིའི་འཇིག་རྟེན་གྱི་མཛེས་པའམ་མི་སྡུག་པའམ། ལོངས་སྤྱོད་ཆེ་བའམ་ལོངས་སྤྱོད་ཆུང་བའམ། དབུལ་བའམ་བསོད་ [93A]༄༅། །ནམས་ཆེ་བའམ། ཚུལ་ཁྲིམས་བཟང་བའམ་ཚུལ་ཁྲིམས་འཆལ་པའམ། ཤེས་རབ་བཟང་བའམ་ཤེས་རབ་འཆལ་བ་དེ་དག་ཀྱང་ཚངས་པ་ཁྱོད་ཀྱིས་ བྱས་ཤིང་ཁྱོད་ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཀའ་སྩལ་པ་ཚངས་པ། གང་སེམས་ཅན་རྣམས་ཀྱིས་ འཇིགས་པའམ། སྐྲག་པའམ། གནོད་པའམ། རྣམ་པར་འཚེ་བའམ། རྣམ་པར་མཐོ་འཚམས་པ་འདི་སྟེ། མཚོན་ཆ་དང། མེ་དང། ཆུ་དང་རླུང་དམར་དང། དུག་དང་ གཅན་གཟན་ཁྲོ་བོ་དང། དགྲ་དང། མི་དང། མི་མ་ཡིན་པའི་འཇིགས་པའམ། གཞན་གནོད་པ་བྱེད་པའི་འཇིགས་པ་སྣ་ཚོགས་དེ་དག་ཀྱང་ཚངས་པ་ཁྱོད་ཀྱིས་བྱས་ཤིང་ ཁྱོད་ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ་གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཀའ་སྩལ་པ། ཚངས་པ་སེམས་ཅན་རྣམས་ཀྱི་ ནད་རྣམ་པ་སྣ་ཚོགས་དང། རླུང་དང། མཁྲིས་པ་དང། བད་ཀན་དང། འདུས་པ་དང། དུས་དང། ཁམས་མི་མཐུན་པ་ལས་གྱུར་པའམ་གཞན་གྱིས་གནོད་པར་བྱས་ པ་དང། སྔོན་གྱི་ལས་ཀྱི་སྒྲིབ་པ་ལས་གྱུར་པ་འདི་ལྟ་སྟེ། མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་ན་བ་དང། སེམས་ཅན་རྣམས་ཀྱི་ཡིད་ལ་གདུང་བའི་སྡུག་བསྔལ་ [93B]དང། ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཀའ་སྩལ་པ། ཚངས་ པ། གང་མུ་གེ་དང། ཆུ་དང། འབྲོག་དང། སྤྲུལ་དང། ཆོམ་རྐུན་དང། དགོན་པ་དང། མཚོན་ཆ་དང། ནད་དང། བར་གྱི་བསྐལ་པ་དེ་དག་ཚངས་པ་ཁྱོད་ཀྱིས་བྱས་ཤིང་ཁྱོད་ ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཀའ་སྩལ་པ། ཚངས་པ། གང་སེམས་ཅན་རྣམས་ཀྱི་འབྲལ་ བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཕ་མ་དང། སྤུན་དང། སྲིང་མོ་དང། གྲོགས་དང། ཉེ་དུ་དང། སྣག་གི་གཉེན་མཚམས་དང། བུ་ཕོ་དང། ཆུང་མ་དང། བུ་མོ་དག་དང་བྲལ་ བའི་སྡུག་བསྔལ་དེ་དག་ཁྱོད་ཀྱིས་བྱས་ཤིང་ཁྱོད་ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ། གསོལ་བ། བཅོམ་ལྡན་འདས། མ་ལགས་སོ། །བཀའ་སྩལ་ པ༑ གང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་སྣ་ཚོགས་ཡང་བའི་ལས་ལ་སྦྱོར་བ། སྐྲ་དང། ཕབས་དང། རྒྱ་སྐྱེགས་དང། འཁོར་ལོ་འཚོང་བའམ། རྒྱ་མཚོ་ཆེན་པོར་འགྲོ་ བ་དང། འབྲོག་དགོན་པར་འཇུག་པའམ། ཕྱོགས་སྣ་ཚོགས་སུ་སྐྱེས་འདེགས་པའམ། ཞིང་གི་ལས་རྒྱ་ཆེར་བྱེད་པའམ། དེ་ལས་གཞན་པའི་བྱ་བ་སྣ་ཚོགས་དེ་དག་ [94A]༄༅། །ཀྱང་ཚངས་པ་ཁྱོད་ཀྱིས་བྱས་ཤིང་ཁྱོད་ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ལགས་ སོ༑ ༑བཀའ་སྩལ་པ། ཚངས་པ། གང་སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་ཡང་དག་པར་ལེན་པ། སེམས་ཅན་དམྱལ་བ་དང། དུད་ འགྲོའི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་དང། ལྷ་དང་མིའི་རྒྱུ་ལས་བྱུང་བ་རྣམས་དང། གང་སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་ པ་དང། ལེགས་པར་སྤྱད་པ་རྣམས་སམ། གང་འཇིག་རྟེན་ན་མི་དགེ་བ་བཅུའི་ལས་ཀྱི་ལམ་སེམས་ཅན་རྣམས་ལ་མི་ཕན་པ་དང། སྡུག་བསྔལ་བ་དང། གནོད་པ་ དང། ངན་སོང་ངན་འགྲོ་ལོག་པར་ལྟུང་བར་འགྱུར་བ་འདི་ལྟ་སྟེ་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པ་ལ་ལོག་པར་ག་ཡེམ་པ་དང། བརྫུན་དུ་སྨྲ་ བ་དང། ཕྲ་མ་དང། ངག་རྩུབ་པོ་དང། ཚིག་ཀྱལ་པ་དང་བརྣབ་སེམས་དང། གནོད་སེམས་དང། ལོག་པར་ལྟ་བ་དེ་རྣམས་ཀྱང་ཚངས་པ་ཁྱོད་ཀྱིས་བྱས་ཤིང་ཁྱོད་ ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཀའ་སྩལ་པ། ཚངས་པ། གང་སེམས་ཅན་རྣམས་ [94B] མགོ་བཅད་པ་དང་ལག་པ་དང། རྐང་པ་དང། རྣ་བ་དང། སྣ་བཅད་པའམ། ཡན་ལག་དང་ཉིང་ལག་ཐམས་ཅད་བཅད་པའམ། །མེར་ བསྲེགས་པ་དང། འབྲུ་མར་གྱིས་གཏོར་བ་དང། སྲོག་དང་དབྲལ་བ་དང། རལ་གྲི་དང། མདུང་ཐུང་དང། མཚོན་རྩེ་གཉིས་པས་གདབ་པ་དང། བསད་པ་དང། བཅིང་བ་དང་ གོ་ར་ར་གཞུག་པ་དང། འཐབ་པ་དང། རྩོད་པ་དང། འགྱེད་པ་དེ་དག་ཀྱང་ཚངས་པ་ཁྱོད་ཀྱིས་བྱས་ཤིང་ཁྱོད་ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ་ གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཀའ་སྩལ་པ། ཚངས་པ་གང་སེམས་ཅན་རྣམས་འདོད་པའི་རྒྱུ་དང་འདོད་པའི་གཞིས་མ་ལ་ལོག་པར་སྤྱོད་པ་དང། སྲིང་ མོ་ལ་ལོག་པར་སྤྱོད་པ་དང། ཚུལ་ཁྲིམས་དང་ལྡན་པ་ལ་ལོག་པར་སྤྱོད་པ་དང། སྡིག་པའི་ལས་ཐམས་ཅད་ལ་ལྷག་པར་སྤྱོད་པ་དེ་དག་ཀྱང་ཚངས་པ་ཁྱོད་ཀྱིས་བྱས་ཤིང་ ཁྱོད་ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ་གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཀའ་སྩལ་པ། ཚངས་པ་གང་སེམས་ཅན་རྣམས་ ཀྱི་གནོད་པར་བྱེད་པ་སྣ་ཚོགས་བྱད་དང། རོ་ལངས་དང། རིག་སྔགས་དང། སྔགས་དང། སྨན་དང། འབྱུང་པོ་དང། གནོན་འབེབས་པ་དང། གང་དེ་ལས་གཞན་པ་དུག་ [95A]༄༅། །སྦྱོར་བ་དང། གང་སེམས་ཅན་རྣམས་ལ་གནོད་པར་འགྱུར་བ་དང། སྲོག་དང་བྲལ་བར་འགྱུར་བ་དང། སྲོག་འཆད་པར་འགྱུར་བ་དེ་དག་ཀྱང་ ཚངས་པ་ཁྱོད་ཀྱིས་བྱས་ཤིང་ཁྱོད་ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཀའ་སྩལ་པ། གང་ རིགས་བཞིའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤང་དུ་མི་རུང་བའི་འཇིག་རྟེན་གྱི་ཆོས་འདི་ལྟ་སྟེ། སྐྱེ་བ་དང། རྒ་བ་དང་ན་བ་དང། འཆི་བ་དང། མྱ་ངན་དང་ སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་དང། མི་རྟག་པའི་ཆོས་ཉིད་དང། ཟད་པའི་ཆོས་ཉིད་དང། འགྱུར་བའི་ཆོས་ཉིད་ དང། མཛའ་བ་དང་དགའ་བ་ཐམས་ཅད་དང་ཐ་དད་དུ་འགྱུར་བ་དང། མེད་པར་འགྱུར་བ་དང། བྲལ་བར་འགྱུར་བ་དང། བྱེ་བར་འགྱུར་བ་དེ་དག་ཀྱང་ཚངས་པ་ཁྱོད་ ཀྱིས་བྱས་ཤིང་ཁྱོད་ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཀའ་སྩལ་པ། ཚངས་པ་ གང་སེམས་ཅན་རྣམས་ཀྱི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། སྒྲིབ་པ་དང། ཆོད་པ་དང། བག་ལ་ཉལ་དང། ཀུན་ནས་དཀྲིས་པ་དང། ཀུན་ཏུ་སྦྱོར་ [95B] དེ་ལས་གཞན་པ་ཉེ་བའི་ཉོན་མོངས་པ་རྣམ་པ་སྣ་ཚོགས་འཇུག་པ་གང་གིས་སེམས་ཅན་རྣམས་ཆགས་པར་འགྱུར་བ་དང། སྡང་བར་འགྱུར་བ་དང། རྨོངས་པར་ འགྱུར་བ་དང། ལས་མངོན་པར་འདུ་བྱ་བ་རྣམ་པ་སྣ་ཚོགས་མངོན་པར་འདུ་བྱེད་པ་དེ་དག་ཀྱང་ཚངས་པ་ཁྱོད་ཀྱིས་བྱས་ཤིང་ཁྱོད་ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་བྱིན་གྱིས་ བརླབས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཀའ་སྩལ་པ། ཚངས་པ། གང་འདི་སེམས་ཅན་དམྱལ་བ་དང། དུད་འགྲོའི་སྐྱེ་གནས་ དང། གཤིན་རྗེའི་འཇིག་རྟེན་ངན་འགྲོ་རྣམ་པ་གསུམ་པོ་གང་ན་སེམས་ཅན་རྣམས་གནོད་བྱེད་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་བ་དེ་དག་ཀྱང་ ཚངས་པ་ཁྱོད་ཀྱིས་བྱས་ཤིང་ཁྱོད་ཀྱིས་སྤྲུལ་པ་དང། ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཀའ་སྩལ་པ། ཚངས་ པ། གང་འདི་འབྱུང་པོའི་ཚོགས་དང། ས་བོན་གྱི་ཚོགས་དང། རྩྭ་དང། ཤིང་གེལ་བ་དང། སྨན་དང། ནགས་ཚལ་ཆུ་ན་གནས་པ་དང། ཐང་ལ་གནས་པའམ། མེ་ཏོག་ དང་[?]ཤིང་དང། འབྲས་བུའི་ཤིང་དང། སྤོས་ཤིང་རྣམ་པ་སྣ་ཚོགས་སམ། མངར་བ་དང། ཁ་བ་དང། ལན་ཚྭ་དང། སྐྱུར་བ་དང། ཚྭ་བ་དང། བསྐ་བའི་རོའི་ཁྱད་པར་རྣམ་པ་ [96A]༄༅། །སྣ་ཚོགས་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་མངོན་པར་གྲུབ་པ་གང་སེམས་ཅན་རྣམས་ལ་ཕན་པ་དང་གནོད་པར་འགྱུར་བ་དེ་ལ་ཇི་སྙམ་དུ་སེམས་ ཚངས་པ། དེ་དག་ཁྱོད་ཀྱིས་བྱས་ཤིང་ཁྱོད་ཀྱིས་སྤྲུལ་པ་དང་ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བཀའ་སྩལ་པ། ཚངས་ པ༑ གང་འགྲོ་བ་ལྔ་པོ་དག་ན་ཡོངས་སུ་འཁོར་བ་སྐྱེ་བ་དང་འཆི་འཕོ་བ་དང། འཐོན་པ་དང། འབྱུང་བ་དང། འཇིག་པ་འདི་དག་དང། །ཚངས་པ། གང་སེམས་ཅན་མ་རིག་ པའི་སྒྲིབ་པ་དང། །སྲེད་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ཀུན་ཏུ་རྒྱུག་ཅིང་འཁོར་བ་དེ་དག་གི་སྔོན་གྱི་མཐའ་མི་མངོན་པ་དང། ཚངས་པ། མ་འོངས་པའི་འཁོར་བའི་ལམ་རྒྱུན་ མ་ཆད་པ་གང་ན་ལྷ་དང་བཅས་པ་དང་ཚངས་པ་དང་བཅས་པའི་འཇིག་རྟེན་འདི་དང། དགེ་སྦྱོང་དང་བྲམ་ཟེ་དང་བཅས་པའི་སྐྱེ་དགུ་ཐགས་འཁྲུགས་པ་ལྟ་བུ། དྲུ་གུ་འཛིངས་ པ་ལྟ་བུ་འོང་བ་དང། འགྲོ་བར་གྱུར་པ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དང། འཇིག་རྟེན་ཕ་རོལ་ནས་འཇིག་རྟེན་འདིར་ཀུན་ཏུ་རྒྱུག་ཅིང་འཁོར་བ། འཁོར་བ་ལས་ འབྱུང་བ་མི་ཤེས་པ་དེ་དག་ལ་ཇི་སྙམ་དུ་སེམས། །ཚངས་པ། དེ་དག་ཁྱོད་ཀྱིས་བྱས་ཤིང་ཁྱོད་ཀྱིས་སྤྲུལ་པ་དང། །ཁྱོད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནམ། གསོལ་པ་ [96B] མ་ལགས་སོ། །བདེ་བར་གཤེགས་པ། །མ་ལགས་སོ་།བཀའ་སྩལ་པ། འོ་ན་ཚངས་པ་ཁྱོད་ཅིའི་ཕྱིར་འདི་ལྟར་ངས་སེམས་ཅན་འདི་དག་བྱས། ངས་སྤྲུལ་ ངས་བྱིན་གྱིས་བརླབས། ངས་འཇིག་རྟེན་བྱས། །ངས་སྤྲུལ། ངས་བྱིན་གྱིས་བརླབས་སྙམ་དུ་སེམས། གསོལ་པ། བཅོམ་ལྡན་འདས། བདག་ནི་མ་འཚལ་བ། རྟག་ཏུ་ལྟ་བར་ གྱུར་པ་མ་སྤངས་པས་ཕྱིན་ཅི་ལོག་ཏུ་གྱུར་པ་ལགས་ཏེ། བཅོམ་ལྡན་འདས། བདག་ནི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་རྟག་ཏུ་མ་ཐོས་པས་སེམས་ཅན་ རྣམས་བདག་གིས་བགྱིས། བདག་གིས་སྤྲུལ། འཇིག་རྟེན་བདག་གིས་བགྱིས་འཇིག་རྟེན་བདག་གིས་སྤྲུལ་ཞེས་བགྱི་བ་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་འདི་ལྟ་བུར་གྱུར་ ཏོ༑ ༑བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ལ་དོན་འདི་ཉིད་བདག་ཞུའོ། །བཅོམ་ལྡན་འདས། འཇིག་རྟེན་འདི་སུས་བགྱིས། འཇིག་རྟེན་འདི་སུས་སྤྲུལ། སེམས་ཅན་ རྣམས་སུས་བགྱིས། །སུས་སྤྲུལ། བཅོམ་ལྡན་འདས། འདི་སུའི་མཐུ་ལགས་སུས་བྱིན་གྱི་བརླབས། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས། ཚངས་པ་དེ་ ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ། འཇིག་རྟེན་ནི་ལས་ཀྱིས་བྱས། ལས་ཀྱིས་སྤྲུལ་ལོ། །སེམས་ཅན་རྣམས་ནི་ལས་ཀྱིས་བྱས། ལས་ཀྱི་རྒྱུ་ལས་བྱུང། ལས་ཀྱིས་རབ་ [97A]༄༅། །ཏུ་ཕྱེ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་ མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་།སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་ གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་ དང། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་ཞིང། ཚངས་པ། མ་རིག་པ་འགགས་པས་འདུ་བྱེད་འགག་ པ་ནས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འགག་པའི་བར་དུ་འགྱུར་ཏེ། ཚངས་པ། ལས་དང་ཆོས་ཀྱི་ཀུན་ཏུ་སྦྱོར་བ་རྣམས་ཡོད་ན་སེམས་ཅན་རྣམས་འབྱུང་བར་སྣང་ བ་དང། ལས་དང་ཆོས་ཀྱི་ཀུན་ཏུ་སྦྱོར་བ་དང་བྲལ་བས་འབྱུང་བ་མེད་པར་སྣང་བ་མ་གཏོགས་པར་འདི་ལ་བྱེད་པ་པོའམ། བྱེད་དུ་འཇུག་པའམ། ཉེ་བར་འཇོག་པ་པོ་གང་ ཡང་མེད་དོ། །ཚངས་པ། དེ་ལྟར་འཇིག་རྟེན་འདི་ལས་ཟད་པ་དང་ཉོན་མོངས་པ་ཟད་པ་དང། སྡུག་བསྔལ་ཟད་པ་དང། སྡུག་བསྔལ་ཉེ་བར་ཞི་བས་ཞི་བ་དང། ངེས་ [97B] རྣམ་པར་ཞི་བ་དང། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཚངས་པ། དེ་ལ་ལས་གང་ཡིན་པ་དེ་ཟད་པ་དང། ཉོན་མོངས་པ་གང་ཡིན་པ་དེ་དང་བྲལ་བ་དང་ སྡུག་བསྔལ་གང་ཡིན་པ་དེ་རྣམ་པར་ཞི་བ་དང། ནུབ་པ་མ་གཏོགས་པར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ཅི་ཞིག་ཡོད་དེ་སངས་རྒྱས་རྣམས་ཀྱི་མཐུ་དང། སངས་རྒྱས་ རྣམས་ཀྱི་བྱིན་གྱི་རླབས་ཀྱིས་ཆོས་ཉིད་དེ་ལྟ་བུ་དག་འབྱུང་ངོ་།དེ་ཅིའི་ཕྱིར་ཞེ་ན། ཚངས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བ་མེད་ན་ཆོས་དེ་ལྟ་བུ་རབ་ཏུ་སྟོན་པ་ མི་འབྱུང་གི། ཚངས་པ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་བྱུང་བ་དེའི་ཚེ་ཞི་བར་བྱ་བའི་ཕྱིར་ཁོང་དུ་ཆུད་པར་དཀའ་བ། ཟབ་པ་ཟབ་པར་སྣང་ བ༑ ཆོས་རྣམ་པ་དེ་ལྟ་བུ་དག་ཡང་དག་པར་སྟོན་པར་འགྱུར་ཏེ། དེ་ཐོས་པས་སེམས་ཅན་སྐྱེ་བའི་ཆོས་ཅན་རྣམས་ནི་སྐྱེ་བ་ལས་ཡོངས་སུ་གྲོལ་བར་འགྱུར། སེམས་ཅན་ རྒ་ཤི་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པའི་ཆོས་ཅན་རྣམས་ནི་འཁྲུག་པའི་བར་དག་ལས་ཡོངས་སུ་གྲོལ་ བར་འགྱུར་རོ། །ཚངས་པ། དེ་ལྟ་བས་ན་འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་ནི་མིག་ཡོར་ལྟ་བུ་མི་རྟག་པ་གཡོ་བ་མི་བརྟན་པ། ཐེར་ཟུག་མ་ཡིན་པ། ཟད་པ་དང་འགྱུར་བའི་ [98A]༄༅། །ཆོས་ཅན་ནོ་ཞེས་ཚངས་པ་སངས་རྒྱས་རྣམས་ཀྱིས་དེ་བསྟན་ཅིང་ཡང་དག་པར་བཤད་དེ་རྣམ་པར་ཕྱེ་ཞིང་གསལ་བར་མཛད་དེ། འདི་ནི་སངས་ རྒྱས་རྣམས་ཀྱི་བྱིན་གྱི་རླབས་སོ། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཀྱི་དམ་པའི་ཆོས་ནུབ་པ་ནའང་འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་ མིག་ཡོར་ལྟ་བུའོ་ཞེས་བྱ་བ་དེ་ཉིད་བྱིན་གྱིས་རླབས་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱིས་འདུ་བྱེད་ཐམས་ཅད་མིག་ཡོར་ལྟ་བུར་མ་གཟིགས་སུ་ཟིན་མ་དེ་ བཞིན་གཤེགས་པ་རྣམས་སྐད་ཅིག་ཐང་ཅིག་ཡུད་ཙམ་ཡང་འདུ་བྱེད་ཐམས་ཅད་རྨི་ལམ་དང་མིག་ཡོར་དང་བྲག་ཅ་ལྟ་བུར་མི་སྟོན་པ་ཞིག་ན་ཚངས་པ་གང་གི་ཕྱིར་དེ་ བཞིན་གཤེགས་པ་རྣམས་འདུ་བྱེད་ཐམས་ཅད་རྨི་ལམ་དང། མིག་ཡོར་དང། བྲག་ཅ་ལྟ་བུ་དང། མི་རྟག་པ་དང། གཡོ་བ་དང། འགྱུར་བའི་ཆོས་ཅན་དུ་མཁྱེན་པ་ དེའི་ཕྱིར། དེ་བཞིན་གཤེགས་པ་རྣམས་འདུ་བྱེད་ཐམས་ཅད་རྨི་ལམ་དང། མིག་ཡོར་དང། བྲག་ཅ་ལྟ་བུར་སྟོན་ནོ། །དེ་ལ་མཁས་པ་དེའི་མཚན་མ་མཐོང་བ་དག་ ཡོད་དེ༑ དེའི་མཚན་མ་མཐོང་ནས་རྒྱུ་དེ་དང་རྐྱེན་དེ་དང་དམིགས་པའི་མཚན་མ་དེས་འདུ་བྱེད་ཐམས་ཅད་མི་རྟག་པར་ཁོང་དུ་ཆུད་ཅིང་གཡོ་བ་དང་འགྱུར་བའི་ཆོས་ [98B] །འདུ་བྱེད་ཐམས་ཅད་ནི་འཇིག་ཅིང་འགྱུར་རོ། །དུས་དང། ཚིགས་དང། དུས་ཚིགས་ཀྱིས་ཀྱང་འཇིག་གོ། སྐད་ཅིག་དང། ཐང་ཅིག་དང། ཕྱེད་ ཙམ་དང། ཡུད་ཙམ་དང། ཞག་དང། ཉི་མ་དང། ཟླ་བ་དང་ཟླ་བ་ཕྱེད་དང། ལོ་དང། ལོ་བརྒྱ་དང། བསྐལ་པ་དང། བསྐལ་པ་བརྒྱ་དག་ཀྱང་འཇིག་པར་འགྱུར་རོ། །མེའི་ ཕུང་པོ་ཆེན་པོའང་འབར་ནས་ཤི་བར་འགྱུར་རོ། །ཆུའི་ཕུང་པོ་ཆེན་པོའང་བབ་ནས་མི་འབབ་བོ། །རླུང་གི་ཕུང་པོ་ཆེན་པོའང་ལངས་ནས་མི་ལྡང་ངོ། །སའི་ཕུང་པོ་ཆེན་པོའང་ བྱུང་ནས་མེད་པར་འགྱུར་རོ། །རིའི་ཕུང་པོ་ཆེན་པོ་ཁོར་ཡུག་དང་ཁོར་ཡུག་ཆེན་པོ་དང། ལྷུན་པོ་དང། ལྷུན་པོ་ཆེན་པོ་དང། དེ་ལས་གཞན་པ་རི་ནག་པོ་དག་ཀྱང་ བྱུང་ནས་ཡེ་མེད་པར་འགྱུར་རོ། །ཉི་མ་དང་ཟླ་བ་དང་སྐར་མའི་ཚོགས་ཀྱི་འཁོར་དང་བཅས་པ་འདི་དག་ཀྱང་བྱུང་ནས་ལྷམ་མེར་མ་ཡིན། །ལྷན་ནེར་མ་ཡིན། །ལྷང་ངེར་མ་ཡིན་ཞིང་ སར་ལྟུང་ངོ། །ལྷ་ཡུལ་པའི་ལྷའི་གཞལ་མེད་ཁང་བཟང་པོ་དག་ཀྱང་འཇིག་པར་འགྱུར་རོ། །གྲོང་དང། གྲོང་ཁྱེར་དང། གྲོང་རྡལ་འདི་དག་དང། ཤིང་ལྗོན་པ་དང། ནགས་ཚལ་ དང། སྐྱེད་མོས་ཚལ་དང། ཀུན་དགའ་ཉམས་དགའ་བ་འདི་དག་ཀྱང་བྱུང་ནས་འགག་པར་འགྱུར་རོ། །ལྷ་དང་མི་འདི་རྣམས་ཀྱང་སྐྱེ་བ་དང། རྒ་བ་དང། འཕོ་བ་དང་ [99A]༄༅། །འབྱུང་བར་འགྱུར་རོ། །སྐྱེས་བུ་མཛངས་ཤིང་མཁས་པ་འདི་དག་ཀྱང་མཚན་མ་དེ་མཐོང་ནས། ཀྱེ་མའོ་འདུ་བྱེད་འདི་ཐམས་ཅད་མི་རྟག་པའོ། ། འཇིག་གོ། འདུ་བྱེད་འདི་ཐམས་ཅད་མེད་པར་འགྲོའོ། །འགྱུར་རོ། །འདུ་བྱེད་འདི་ཐམས་ཅད་ཟད་པར་འགྱུར་རོ་སྙམ་ནས་སྐྱོ་བར་འགྱུར་རོ་།སྐྱེས་བུ་མཛངས་ཤིང་མཁས་ པ་འདི་དག་རྒྱུ་དེ་དང་རྐྱེན་དེས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ། །དེ་དག་དད་པས་ཁྱིམ་ནས་ཁྱིམ་མེད་པར་ཡང་དག་པར་རབ་ཏུ་བྱུང་ནས་ཀྱང་འདུ་བྱེད་ཐམས་ ཅད་མིག་ཡོར་ལྟ་བུ་དང། རྨི་ལམ་ལྟ་བུ་དང། བྲག་ཅ་ལྟ་བུར་རིག་སྟེ། མཚན་མ་དེ་དང་དམིགས་པ་དེ་དང་རྐྱེན་དེས་བྱང་ཆུབ་འཐོབ་པར་འགྱུར་རོ། །ཆུའི་ནང་དུ་ཟླ་བའི་ དཀྱིལ་འཁོར་དང། ཉི་མའི་དཀྱིལ་འཁོར་སྣང་བ་དང། སྐར་མའི་གཟུགས་སྣང་བ་དེ་དག་མཐོང་ནས། དེ་བཞིན་གཤེགས་པས་གདམས་པའམ། དེ་ལས་གཞན་པའི་ དགེ་བའི་བཤེས་གཉེན་གྱིས་གདམས་པའམ། བདག་གི་བློས་བརྟགས་པས་འདུ་བྱེད་ཐམས་ཅད་རྨི་ལམ་དང། མིག་ཡོར་དང། བྲག་ཅ་ལྟ་བུར་རྟོགས་ནས་དད་ པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་དང་ [99B] གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་བཟོད་པ་དང་པོ་ཐོབ་པ་དང། བཟོད་པ་གཉིས་པ་དང། གསུམ་པ་ཐོབ་པ་དང། བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་བའི་སྐྱེས་བུ་མཁས་པ་དག་ཡོད་དོ། །སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་རྣམས་ཀྱི་ཆོས་ བསྟན་པ་འདི་ཉིད་འཇིག་རྟེན་དུ་འབྱུང་སྟེ། དེ་ཐོས་པས་སེམས་ཅན་རྣམས་ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། ཐེག་པ་ཆེན་པོ་བླ་ན་མེད་པ་རྣམ་པ་ ཐམས་ཅད་མཆོག་དང་ལྡན་པ་དང། ཐེག་པ་གསུམ་པོ་དག་གིས་ངེས་པར་འབྱུང་བར་འགྱུར་རོ། །ཚངས་པ། འདི་ལྟར་འྡིའང་སངས་རྒྱས་རྣམས་ཀྱི་སྦྱིན་གྱི་རླབས་ སུ་རིག་པར་བྱ་སྟེ། ཚངས་པ། གང་གིས་སྐྱེས་བུ་མཁས་པ་དག་གིས་འདུ་བྱེད་འདི་དག་ནི་སྡུག་བསྔལ་པ། གཡོ་བ། མི་བརྟན་པ། ཟད་པ་དང་འགྱུར་བའི་ཆོས་ཅན་ཏེ་ རྨི་ལམ་དང། མིག་ཡོར་བ་དང། བྲག་ཅ་ལྟ་བུའོ་ཞེས་བྱ་བའི་མཚན་མ་དེ་མཐོང་ནས་མང་དག་པར་སྐྱོ་བར་འགྱུར་བ་འདི་ནི་སངས་རྒྱས་རྣམས་ཀྱི་ཡུལ་དང་སངས་རྒྱས་ཀྱི་ བྱིན་གྱི་རླབས་སོ། །སྔོན་སྤྱད་ཅིང་སྔོན་གྱི་རྒྱུ་ལས་བྱུང་བའི་སེམས་ཅན་སྔོན་ཡོངས་སུ་སྨིན་པར་བྱ་བ་དག་གིས། ཆོས་ཀྱི་སྒྲ་འདི་ལྟ་བུ་འདི་ཐོས་ནས་འདུ་བྱེད་འདི་དག་ [100A]༄༅། །ཐམས་ཅད་ནི་མི་རྟག་པ། འདུ་བྱེད་རྣམས་ནི་འཇིག་པ་སྟེ་འདུ་བྱེད་ཐམས་ཅད་ནི་རྨི་ལམ་དང་བྲག་ཅ་ལྟ་བུའོ་ཞེས་དེ་བཞིན་གཤེགས་པ་ ལ་མོས་པར་འགྱུར། མངོན་པར་དད་པར་འགྱུར་རོ། །སེམས་ཅན་གང་དག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་གྱུར་པའམ་ ཁྱིམ་པར་གྱུར་པས་བསླབ་པའི་གཞི་རྣམས་ཡོངས་སུ་བཟུང་བར་གྱུར་པ་དེ་དག་ཀྱང་རྒྱུ་དེ་དང་རྐྱེན་དེས་འདི་ལྟར་འདུ་བྱེད་རྣམས་མི་རྟག་པ་དང། འདུ་བྱེད་རྣམས་སྡུག་ བསྔལ་པ་དང། འདུ་བྱེད་རྣམས་འཇིག་པ་དང། འདུ་བྱེད་རྣམས་རྨི་ལམ་དང། མིག་ཡོར་དང་བྲག་ཅ་ལྟ་བུའོ་ཞེས་འདུ་བྱེད་རྣམས་དེ་ལྟ་བུའི་ཚུལ་དུ་རྟོགས་པར་ འགྱུར་ཏེ། རྒྱུ་དེ་དང་རྐྱེན་དེས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་མ་བྱུང་ཡང་སངས་རྒྱས་ཀྱི་བྱིན་གྱིས་ རླབས་ཉིད་དང། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པའི་རྐྱེན་གྱིས་བྱང་ཆུབ་འཐོབ་པར་འགྱུར་རོ། །ཚངས་པ། རྣམ་གྲངས་དེས་ཀྱང་འདི་ལྟར་འདི་ནི་སངས་རྒྱས་ ཀྱི་བྱིན་གྱི་རླབས་དང། འདི་ནི་སངས་རྒྱས་ཀྱི་ཡུལ་ཡིན་པར་རིག་པར་བྱའོ། །ཚངས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འྡིའང་སངས་རྒྱས་ཀྱི་ [100B] ཚངས་པ། འདི་ནི་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་སངས་རྒྱས་བཅོམ་ལྡན་འདས་ ཚད་མེད་གྲངས་མེད་པ་རྣམས་ཀྱི་དྲུང་དུ་དགེ་བའི་རྩ་བ་ཚད་མེད་གྲངས་མེད་པ་བསྐྱེད་དེ། ཚུལ་ཁྲིམས་དང། དཀའ་ཐུབ་དང་ཚངས་པར་སྤྱོད་པ་དང། དེ་ལས་གཞན་པའི་ དཀའ་བ་སྤྱད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་གིས་ཇི་ལྟར་དགེ་བའི་རྩ་བ་ཐམས་ཅད་འཕེལ་བར་འགྱུར་བ་དང། ཇི་ལྟར་ཡོངས་སུ་དག་པར་འགྱུར་བ་དང། དུས་དང་ཚོད་དང་ སྣོད་ཇི་ལྟ་བ་བཞིན་དུ་འདུལ་བ་ཉེ་བར་བཟུང་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་ངོ། །ཡོངས་སུ་སྦྱངས་སོ། །ངས་སྦྱིན་པ་དང། སྙན་པར་སྨྲ་བ་དང། དོན་སྤྱད་པ་དང། དོན་ མཐུན་པ་བསྡུ་བའི་དངོས་པོ་བཞི་པོ་དག་གིས་སེམས་ཅན་རྣམས་ཡང་དག་པར་བསྡུས་ཏེ། དེ་དག་ངའི་སྨོན་ལམ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་འདིར་སྐྱེས་ནས་ངས་ཆོས་ བསྟན་པའང་ཤེས་སོ། །ངའི་ཆོས་བསྟན་པས་འདུལ་བར་ཡང་འགྱུར་ཏེ། བརྒྱ་བྱིན་རྣམས་ཀྱི་མ་ཡིན། ཚངས་པ་རྣམས་ཀྱི་མ་ཡིན། འཇིག་རྟེན་སྐྱོང་བ་རྣམས་ཀྱི་མ་ཡིན་ནོ། ། ཚངས་པ། རྣམ་གྲངས་འདིས་ཀྱང་དེ་འདི་ལྟར་སངས་རྒྱས་ཀྱི་ཞིང་འདི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡིན་གྱི། བརྒྱ་བྱིན་རྣམས་ཀྱི་མ་ཡིན། ཚངས་པ་རྣམས་ཀྱི་མ་ [101A]༄༅། །ཡིན། འཇིག་རྟེན་སྐྱོང་བ་རྣམས་ཀྱི་མ་ཡིན། གཞན་མུ་སྟེགས་ཅན་དང། སྤྱོད་པ་ཅན་དང། ཀུན་ཏུ་རྒྱུ་རྣམས་ཀྱི་མ་ཡིན་པར་རིག་པར་བྱའོ། །དེ་ ནས་མི་མཇེད་ཀྱི་བདག་པོ་ཚངས་པ་འབུམ་ཕྲག་བཅུའི་བདག་པོ་ཚངས་པ་དེ་དང། དེ་ལས་གཞན་པའི་ཚངས་པ་རྣམས་སྐྱོ་ཞིང་ཡིད་བྱུང་བར་གྱུར་ཏེ། ཚིག་འདི་སྐད་ ཅེས་ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་རྒྱ་ཆེན་པོ་དང་ལྡན་པ་ངོ་མཚར་ཏོ། །ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་རྨད་དུ་བྱུང་བའི་ཆོས་ དང་ལྡན་པ་ངོ་མཚར་ཏོ་ཞེས་སྨྲས་སོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚངས་པ་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ རྨད་དུ་འཛིན་པར་གྱུར་ཏེ། ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ་ངོ་མཚར་ཏོ་སྙམ་མོ། །དེ་ནས་སྟོང་ གསུམ་གྱི་སྟོང་ཆེན་པོའི་ཚངས་པ་ཆེན་པོ་དེ། བཅོམ་ལྡན་འདས་ཀྱི་སློབ་མར་ཁས་བླངས་ནས་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་སྟེ་བཅོམ་ལྡན་འདས་ནི་ བདག་གི་སྟོན་པ། བདེ་བར་གཤེགས་པ་ནི་བདག་གི་སྟོན་པ་ལགས་ན་བཅོམ་ལྡན་འདས། ཇི་ལྟར་གནས་པར་བགྱི་བ་དང། ཇི་ལྟར་བསྒྲུབ་པར་བགྱི་བ་བདག་ [101B]ནོད་པར་གྱུར་ཏོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚངས་པ་ཆེན་པོ་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ། །ཚངས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་ངའི་སངས་རྒྱས་ཀྱི་ཞིང་ཡིན་ཏེ། ཚངས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ འདི་ཁྱོད་ལ་གཏད་ཀྱི། ཁྱོད་ཅི་ནས་ཀྱང་ངའི་རྗེས་སུ་འཇུག་པར་གྱིས་ལ་དགེ་བའི་ལམ་འདི་དང། དགེ་བའི་ཚུལ་འདི་དང། བླ་ན་མེད་པའི་སངས་རྒྱས་ཀྱི་ཚུལ་དང། ཆོས་ཀྱི་ཚུལ་ དང། དགེ་འདུན་གྱི་ཚུལ་འདི་རྒྱུན་མི་འཆད་པར་གྱིས་ཤིག། ང་ནི་འདིའི་སྐྱེས་བུ་ཐ་མའོ། །ཚངས་པ། ངའི་བུའི་ཐུ་བོ་གཞོན་ནུ་ཐུགས་ལས་སྐྱེས་པ། ཞལ་ནས་སྐྱེས་པ། ཆོས་ ལས་བྱུང་བ། ཆོས་ཀྱིས་སྤྲུལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྙིང་རྗེ་ཆེན་པོ་དང་ལྡན་པ། སྐྱེ་བོ་མང་པོའི་དོན་འདོད་པ། ཕན་པ་འདོད་པ་ བདེ་བ་འདོད་པ། གྲུབ་པ་དང་བདེ་བ་འདོད་པ་འོང་བར་འགྱུར་ཏེ་དེའང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཇི་ལྟར་ངས་གནས་པ་བཞིན་དུ་ཆོས་ཀྱིས་ གནས་པར་འགྱུར་གྱི། ཇི་ལྟར་ང་ལ་རྗེས་སུ་མཐུན་པར་བྱེད་པ་དེ་བཞིན་དུ་དེ་ལ་རྗེས་སུ་མཐུན་པར་གྱིས་ཤིག་ཅི་ནས་ཀྱང་ཁྱོད་ཀྱིས་དགེ་བའི་ལམ་འདི་དང། དགེ་བའི་ [102A]༄༅། །ཚུལ་འདི་དང། སངས་རྒྱས་ཀྱི་ཚུལ་དང། ཆོས་ཀྱི་ཚུལ་དང། དགེ་འདུན་གྱི་ཚུལ་འདི་རྒྱུན་མི་འཆད་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་ ཇི་ཙམ་དུ་དགེ་བའི་ཚུལ་འདི་ལྟ་བུའི་རྒྱུན་མི་འཆད་པ་དེ་ཙམ་དུ་སངས་རྒྱས་ཀྱི་ཚུལ་དང། ཆོས་ཀྱི་ཚུལ་དང། དགེ་འདུན་གྱི་ཚུལ་རྒྱུན་ཆད་པར་མི་འགྱུར། བརྒྱ་བྱིན་དང་ ཚངས་པ་དང། འཇིག་རྟེན་སྐྱོང་དང། ལྷ་དང་མིའི་ཚུལ་དང་ཐར་བའི་ཚུལ་ནས་མྱ་ངན་ལས་འདའ་བའི་ཚུལ་གྱི་བར་དུ་རྒྱུན་ཆད་པར་མི་འགྱུར་རོ། །ཚངས་པ། དེ་ལྟ་བས་ ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་སངས་རྒྱས་ཀྱི་ཞིང་འདི་ཁྱོད་ལ་གཏད་དོ། །ཚངས་པ། ཁྱོད་ལ་བཀའ་སྩལ་པ་ནི་འདི་ཡིན། རྗེས་སུ་ བསྟན་པ་ནི་འདི་ཡིན་གྱི། ཁྱོད་ཀྱིས་འདི་བཞིན་དུ་གྱིས་ཤིག། ང་ནི་འདིའི་སྐྱེས་བུ་ཐ་མའོ། །དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཚངས་པ་ དང། ཚངས་པ་ཆེན་པོ་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་འཕགས་པའི་ཆོས་ལ་མངོན་པར་དུལ་བར་གྱུར་ཏེ། ཚངས་པ་ཆེན་པོ་དེ་གཅིག་པུ་ནི་མ་གཏོགས་སོ། ། ཚངས་པ་ཆེན་པོ་སྟོང་གི་ཚངས་པ་དེའང་བཅོམ་ལྡན་འདས་ཀྱིས་འཕགས་པའི་ཆོས་ལ་རབ་ཏུ་བཏུལ་ཞིང་བཞག་པར་གྱུར་ཏོ། །ཚངས་པའི་ལེའུ་སྟེ་དང་པོ་རྫོགས་ [102B]༑ ༑༑བམ་པོ་གཉིས་པ། དེའི་ཚེ་བདུད་ཀྱི་བུ་དེད་དཔོན་ཞེས་བྱ་བ། བཅོམ་ལྡན་འདས་ལ་དད་ཅིང་དང་བ་ཆེན་པོ་ཐོབ་པར་གྱུར་པ་དེས་བཅོམ་ལྡན་འདས་ཡོངས་ སུ་མྱ་ངན་ལས་འདའ་བའི་སྒྲ་ཐོས་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ་མི་དགའ་ཞིང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཆེན་པོ་དང་ལྡན་པར་གྱུར། སྐྱོ་ཞིང་ཡིད་བྱུང་ལ་སྤུ་ ཟིང་ཞེས་བྱེད་པར་གྱུར་ནས་མྱུར་བ་མྱུར་བར་རིངས་པའི་ཚུལ་དུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་ གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་བདུད་ཀྱི་བུ་དེད་དཔོན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གསོལ་པ་འཚལ་ན་ སྨན་པར་བགྱི་བའི་སླད་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ། བཅོམ་ལྡན་འདས། ལྷ་དང་བཅས་པའི་འཇིག་རྟེན་ལ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། སྐྱེ་བོ་མང་ པོ་ལ་སྨན་པ་དང། སྐྱེ་བོ་མང་པོ་ལ་བདེ་བ་དང། འཇིག་རྟེན་ལ་ཐུགས་བརྩེ་བ་དང། ལྷ་དང་མི་རྣམས་ཀྱི་དོན་དང། སྨན་པ་དང་བདེ་བའི་སླད་དུ་བཞུགས་སུ་གསོལ། བཅོམ་ ལྡན་འདས། འཇིག་རྟེན་ཧ་ཅང་མྱུར་དུ་ལོང་པ་དང། མིག་མ་མཆིས་པ་དང། སྟོན་པ་མ་མཆིས་པ་དང། འདྲེན་པ་མ་མཆིས་པ་དང་དཔུང་གཉེན་མ་མཆིས་པ་དང། སྐྱབས་ [103A]༄༅། །མ་མཆིས་པ་དང། རྟེན་མ་མཆིས་པར་མི་འགྱུར་བར་མཛད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བདུད་ཀྱི་བུ་དེད་ དཔོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེད་དཔོན་ཁྱོད་ཀྱི་ཕ་བདུད་སྡིག་ཅན་གྱིས་ང་ལ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདར་གསོལ། བདེ་བར་གཤེགས་པ་ ཡོངས་སུ་མྱ་ངན་ལས་འདར་གསོལ། བཅོམ་ལྡན་འདས་ཁྱོད་དེང་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་བོ་ཞེས་གསོལ་བ་བཏབ་ནས་ཁྱོད་ཀྱི་ཕ་བདུད་སྡིག་ཅན་ལ་ ངས་མྱ་ངན་ལས་འདའོ་ཞེས་སྨྲས་ཏེ། དེད་དཔོན། བདུད་སྡིག་ཅན་ལ་ངས་ཡོངས་སུ་མྱ་ངན་འདའ་བར་བྱ་བའི་སྐབས་ཕྱེའོ། །དེད་དཔོན་སྡིག་ཅན་དེ་ལ་ངས་ཁས་བླངས་ པ་དེ་བྱ་བའི་དུས་ལའང་བབ་བོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བདུད་ཀྱི་བུ་དེད་དཔོན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདུད་ སྡིག་ཅན་དེ་ནི་བདག་གི་ཕ་མ་ལགས་ཀྱི། བཅོམ་ལྡན་འདས། དེ་ནི་བདག་གི་དགྲ་ལགས། གཤེད་པོ་སླར་རྒོལ་པ་ལགས་ཤིང། བཅོམ་ལྡན་འདས། བདག་དང་ མི་མཛའ་བ་ལགས་ཏེ། གནོད་པར་འཚལ་པ། མི་སྨན་པར་འཚལ་བ་ལགས་སོ། །བཅོམ་ལྡན་འདས། སྡིག་ཅན་དེ་ནི་བདག་ལ་གྲུབ་པ་དང་བདེ་བ་མ་ལགས་པར་ [103B] །བཅོམ་ལྡན་འདས། གང་ཤེས་རབ་ཀྱི་སྒྲོན་མ་འདི་ལྟ་བུ་དང། ཤེས་རབ་ཀྱི་སྣང་བ་ཆེན་པོ་དང། ཡེ་ཤེས་སྣང་བའི་སྒྲོན་མ་ཆེན་པོ་འདི་ལྟ་བུ་ཡོངས་སུ་མྱ་ ངན་ལས་འདའ་བར་འཚལ་བའི་སྡིག་ཅན་དེ་ནི། སྡིག་པའི་བསམ་པ་ཅན། སྡིག་པའི་སྦྱོར་པ་ཅན་ཏེ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་སུམ་འབྱིན་པའི་དགྲ་ལགས་ སོ༑ ༑བཅོམ་ལྡན་འདས། ལྷ་དང་བཅས་པའི་འཇིག་རྟེན་ན་སེམས་ཅན་སྡིག་པ་ཆེན་པོ་འཇིག་རྟེན་དུ་བྱུང་ངོ་ཞེས་གང་ཡང་དག་པར་སྨྲ་བས་སྨྲ་བ་དེ་ནི། བཅོམ་ལྡན་འདས་ བདུད་ལགས་སོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བར་བགྱིའོ། །བཅོམ་ལྡན་འདས། གང་བདག་ལ་མི་ཕན་པར་ཞུགས་པ་དང། གཞན་ལ་མི་ཕན་པར་ཞུགས་པ་དང། སྐྱེ་བོ་ མང་པོ་ལ་མི་ཕན་པར་ཞུགས་པ་ཞེས་གང་ཡང་དག་པར་སྨྲ་བས་སྨྲ་བ་དེ་ནི། བཅོམ་ལྡན་འདས། བདུད་ལགས་སོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བར་བགྱིའོ། །ལྷ་དང་ བཅས། བདུད་དང་བཅས། ཚངས་པ་དང་བཅས་པའི་འཇིག་རྟེན་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ལ་གནོད་པ་དང། མི་ཕན་པ་དང། སྡུག་བསྔལ་བ་དང། གྲུབ་ པ་དང་བདེ་བ་མ་ལགས་པ་དང། ལོག་པར་ལྟུང་བའི་ཕྱིར་ཞུགས་པ་ཞེས་བགྱི་བ་ནི། བཅོམ་ལྡན་འདས། བདུད་ལགས་སོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བར་བགྱིའོ། །ཆོས་ [104A]༄༅། །དང་ལྡན་པའི་དམ་བཅས་པ་དང། ཆོས་དང་མི་ལྡན་པའི་དམ་བཅས་པ་བཅོམ་ལྡན་འདས་ལས་བདག་གིས་མངོན་སུམ་དུ་ཐོས་ཤིང་མངོན་སུམ་ དུ་བཟུང་སྟེ། བཅོམ་ལྡན་འདས། གང་བདུད་སྡིག་ཅན་གྱིས་དམ་བཅས་པ་དེ་ནི་ཆོས་དང་མི་ལྡན་པའི་དམ་བཅས་པ་ལགས་སོ། །བཅོམ་ལྡན་འདས་ཁྱོད་ནི་དམ་བཅས་ པ་འདི་ལ་བརྟེན་ཞིང་སྙིང་པོར་འདུ་ཤེས་པ་ལགས་ན། བཅོམ་ལྡན་འདས། སྐྱེ་བོ་མང་པོ་ལ་སྨན་པ་དང། སྐྱེ་བོ་མང་པོ་ལ་བདེ་བ་དང། འཇིག་རྟེན་ལ་ཐུགས་བརྩེ་བ་དང་ ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་སླད་དུ་བསྐལ་བར་བཞུགས་སུ་གསོལ། བཅོམ་ལྡན་འདས། ཡུན་རིང་དུ་བཞུགས་ན་དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་དང། སྐྱེ་བོ་ མང་པོ་ལ་བདེ་བ་དང། ལྷ་དང་མི་རྣམས་ལ་བདེ་བར་འགྱུར་ཏེ་དེའི་སླད་དུ་བཅོམ་ལྡན་འདས་ལྷ་དང་བཅས་པའི་འཇིག་རྟེན་ལ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་མྱུར་དུ་ ཡོངས་སུ་མྱ་ངན་ལས་མི་འདར་གསོལ། དེ་སྐད་ཅེས་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་བུ་དེད་དཔོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེད་དཔོན། ལེགས་ སོ༑ ༑ལེགས་སོ། །དེད་དཔོན་ཁྱོད་སྐྱེ་བོ་མང་པོའི་དོན་འདོད་པ་དང་སྐྱེ་བོ་མང་པོ་ལ་ཕན་པ་དང། བདེ་བ་དང་གྲུབ་པ་དང་བདེ་བར་འདོད་པས་དེ་ལྟར་བྱའོ། །དེད་དཔོན་ [104B]བསྙེན་བཀུར་བྱེད་ཅིང་ཕན་པ་དང་བདེ་བས་ཁྱབ་པར་བྱེད་པ་དང། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ཡུལ་ འཁོར་དང། གྲོང་རྡལ་དང། ལྗོངས་རྣམས་དང། གཞོན་ནུ་རྣམས་དང། བློན་པོ་རྣམས་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྙེན་བཀུར་དང་རིམ་གྲོ་བྱེད་པ་ལ་ཞུགས་པར་འགྱུར་ བ་དེ་དག་ནི་དེད་དཔོན་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལས་ནོར་མང་པོ་དང་ལོངས་སྤྱོད་ཆེན་པོ་འཐོབ་ཅིང་རྒྱལ་པོ་རྒྱལ་རིགས་དེ་ལན་དུ་ཕན་ཆེན་པོ་འདོགས་ཏེ་ བུ་དང་ཆུང་མར་བཅས། གྲོགས་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་སུ་བཅས་པ་ལ་ཕན་པས་ཁྱབ་པར་བྱེད་དོ། །དེད་དཔོན། དེ་བཞིན་དུ་གང་ཁྱོད་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་པོ་བླ་ན་མེད་པ་ལ་སེམས་དང་བའི་དགེ་བའི་རྩ་བ་འདི་ལྟ་བུ་འདི་འབུལ་ན། དེད་དཔོན། དེ་བཞིན་གཤེགས་ པ་ལ་སེམས་དང་བས་བསྙེན་བཀུར་དང་རིམ་གྲོ་བྱ་བའི་ཕྱིར་ཁྱོད་ལ་དབུགས་དབྱུང་བ་སྦྱིན་ནོ། །ཁྱོད་ལ་དགེ་བའི་རྩ་བརྒྱ་ཆེན་པོའི་ལོངས་སྤྱོད་ཆེན་པོ་སྦྱིན་ནོ། །དེད་དཔོན་ ཁྱོད་དེ་བཞིན་གཤེགས་པ་ལ་སེམས་དད་པའི་དགེ་བའི་རྩ་བ་བསྐྱེད་ན་དབུགས་དབྱུང་ངོ། །དེད་དཔོན་ཁྱོད་དགེ་བའི་རྩ་བ་འདི་དང་དད་པ་དང། དང་བ་འདིས་ང་མྱ་ངན་ [105A]༄༅། །ལས་འདས་ནས་མ་འོངས་པའི་དུས་ན་རང་སངས་རྒྱས་སྙིང་རྗེ་ཅན་ཞེས་བྱ་བར་འགྱུར་བའི་དུས་དེ་ལྟ་བུ་དང། ཚེ་དེ་ལྟ་བུ་ཡོད་ཀྱི། ཤེས་པར་གྱིས་ ཤིག། དེད་དཔོན། ང་འདས་ནས་དམ་པའི་ཆོས་ཐམས་ཅད་ཀྱི་ཐམས་ཅད་དུ་ནུབ་པ་ན་བདུད་སྡིག་ཅན་རབ་ཏུ་མགུ་བར་འགྱུར་བ་དང་དགའ་བ་དང་རངས་པར་འགྱུར་བའི་ དུས་དེ་ལྟ་བུ་དང། ཚེ་དེ་ལྟ་བུ་ཡོད་པར་འགྱུར་རོ། །དེ་ཤིན་ཏུ་དགའ་ཞིང་མགུ་པ་ལས་བདུད་ཀྱི་གནས་ནས་འཆི་འཕོ་བར་འགྱུར་རོ་།དེ་བདུད་ཀྱི་གནས་ནས་ཤི་འཕོས་མ་ ཐག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལུས་འཐོབ་པར་འགྱུར་ཏེ། དེར་ཡང་དེ་མནར་མེད་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། དེད་དཔོན་འདི་ལྟར་དེ་ནི་ཤེས་རབ་ཀྱི་སྒྲོན་མ་ཆེན་པོ་ཤེས་རབ་ཀྱི་སྣང་བ་ཆེན་པོ་འདི་ལྟ་བུ་མེད་པར་འགྱུར་པ་ལ་དགའ་བའི་ཕྱིར་རོ། །དེད་དཔོན་ གང་བདག་གསོད་པ་དང། བདག་ལ་གནོད་པ་དང། བདག་མི་སྒྲུབ་པར་ཞུགས་པ་ཞེས་ཡང་དག་པར་སྨྲ་བས་སྨྲ་བ་དེ་ནི་བདུད་ཡིན་ནོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བར་ བྱའོ། །དེད་དཔོན། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ང་ཡོངས་སུ་མྱ་ངན་ལས་འདས་པའི་དམ་པའི་ཆོས་ཇི་སྲིད་དུ་གནས་པ་དེ་སྲིད་དུ་བདུད་སྡིག་ཅན་བདུད་ཀྱིས་གནས་ན་ [105B] དེད་དཔོན། ངའི་དམ་པའི་ཆོས་ནུབ་མ་ཐག་ཏུ་དེ་ནས་བདུད་སྡིག་ཅན་རངས་པ་ཆེན་པོ་སྐྱེ་བར་འགྱུར་ཞིང། ཚིམ་པ་ཆེན་པོ་དང། དགའ་ཆེན་པོ་དང། མཆོག་ཏུ་དགའ་ བ་ཆེན་པོ་དང། མགུ་པ་ཆེན་པོ་དང། ཡིད་བདེ་བ་ཆེན་པོ་སྐྱེ་བར་འགྱུར་ཏེ། དེ་སྐད་ཅིག་དེ་ཉིད་དང། ཐང་ཅིག་དེ་ཉིད་དང། ཡུད་ཙམ་དེ་ཉིད་ལ་བདུད་ཀྱི་གནས་ནས་ཤི་འཕོས་ ཏེ༑ སེམས་ཅན་དམྱལ་བ་ཆེན་པོ་མཚམས་མེད་པར་ལྟུང་བར་འགྱུར་རོ་།དེད་དཔོན། འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་ཤིང་སཱ་ལ་ལྗོན་པ་མེ་ཏོག་དང་འབྲས་བུ་མང་པོ་དང་ ལྡན་པ་ཆེན་པོ་ལ་འཛེགས་ནས། དེས་ཤིང་སཱ་ལ་ལྗོན་པ་དེ་ལས་མེ་ཏོག་དང་འབྲས་བུ་ཡིད་དུ་འོང་བ་དག་སྤྱད་དེ། ཡལ་ག་གང་ལ་གནས་པའི་ཡལ་ག་དེ་ཉིད་བཅག་ན། དེད་ དཔོན། དེ་ཇི་སྙམ་དུ་སེམས། མི་དེ་ཡལ་ག་ཆག་པ་དེ་ལ་གནས་སུ་རུང་ངམ། གང་ཡལ་ག་གང་ལ་འཛགས་ཏེ་བདེ་བར་འདུག་པའི་ཡལ་ག་དེ་ཉིད་གཅོད་པའི་མི་དེའང་ ཅི་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བདེ་བར་གཤེགས་པ། མ་ལགས་སོ། །བཀའ་སྩལ་པ། དེད་དཔོན་ བདུད་སྡིག་ཅན་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་ཅིང་དེ་བཞིན་གཤེགས་པས་ [106A]༄༅། །གསུངས་པའི་ཆོས་འདུལ་བ་ནུབ་པར་དགའ་བའང་དེ་ལྟར་སྣང་བར་ངས་བསམས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ངའི་དམ་པའི་ཆོས་ཇི་སྲིད་དུ་གནས་པ་ དེ་སྲིད་དུ་དེ་བདུད་ཀྱི་གནས་ན་འདུག་གོ། །ངའི་ཆོས་ནུབ་པར་གྱུར་ན། བདུད་སྡིག་ཅན་དེ་དགའ་བ་བསྐྱེད་དེ་མགུ་རངས་ཤིང་ཡིད་བདེ་བ་བསྐྱེད་དེ། །དེ་དེ་མ་ཐག་ཏུ་བདུད་ཀྱི་ གནས་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་རབ་ཏུ་ལྟུང་བར་འགྱུར་ཏེ། །དེད་དཔོན། །འདི་ལྟ་སྟེ། །དཔེར་ན། མི་དེ་ཤིང་སཱ་ལ་ལྗོན་པ་དེ་ལ་བདག་ ལ་གནོད་པ་དང་གཞན་ལ་གནོད་པར་བྱེད་པ་ལྟར་བདུད་སྡིག་ཅན་ཡང་དེ་ལྟ་བུ་ཡིན་པར་མཐོང་ངོ། །དེད་དཔོན། བདུད་སྡིག་ཅན་ནི་བདག་ལ་གནོད་པའི་ཕྱིར་ཞུགས་ པ་ཡིན་ནོ། །དེད་དཔོན། བདུད་སྡིག་ཅན་ནི་གཞན་ལ་གནོད་པའི་ཕྱིར་ཞུགས་པ་སྟེ། དེད་དཔོན། བདུད་སྡིག་ཅན་དེ་དེའི་ཚེ་དེའི་དུས་ན་སེམས་ཅན་དམྱལ་བ་ཆེན་པོ་མནར་ མེད་པར་ལྷུང་ནས། །སྡུག་བསྔལ་གྱི་ཚོར་བ་མི་བཟད་པ་ཚ་བ་སྲོག་འཕྲོག་པ་མྱོང་ནས་འཆི་སྟེ་འཆི་ཀར་ཚོར་བ་མྱོང་ནས་ང་རྗེས་སུ་དྲན་པར་འགྱུར་ཏེ། །བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེན་པ་གསུང་བ། གཞན་དུ་མི་གསུང་བ། ལོག་པར་མི་གསུང་བ་དེས་ལུས་བསྡམས་ [106B] །ངག་བསྡམས་པ་ལེགས། ཡིད་བསྡམས་པ་ལེགས་ཏེ། ལུས་ཀྱིས་ལེགས་པར་སྤྱད་པ་དང། ངག་གིས་ལེགས་པར་སྤྱད་པ་དང། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་ པར་སྨིན་པ་ནི་སྡུག་པ་དང། འདོད་པ་དང། དགའ་བ་དང། ཡིད་དུ་འོང་བ་མངོན་པར་འགྲུབ་བོ། །ལུས་ཀྱིས་ཉེས་པར་སྤྱད་པ་དང་ངག་གིས་ཉེས་པར་སྤྱད་པ་དང། ཡིད་ཀྱིས་ ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་ནི་མི་སྡུག་པ་དང། མི་འདོད་པ་དང། མི་དགའ་བ་དང། ཡིད་དུ་མི་འོང་བ་མངོན་པར་འགྲུབ་བོ་ཞེས་གསུངས་པ་དེ་ལེགས་པར་གསུངས་ པའོ། །བདག་ནི་སྔོན་ལུས་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པར་འགྱུར། །ངག་གིས་ཉེས་པར་སྤྱད་པ་དང། ཡིད་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པར་གྱུར་ཏེ། བདག་ལས་དེའི་རྣམ་ པར་སྨིན་པས་ད་ལྟར་སེམས་ཅན་དམྱལ་པ་ཆེན་པོ་འདིར་སྐྱེས་ནས་འདི་ལྟ་བུའི་སྡུག་བསྔལ་མི་བཟད་པ་དྲག་པ། ཚ་བ་ཡིད་དུ་མི་འོང་བ། འཆི་བའི་མཐར་འགྱུར་བ་སྲོག་ འཕྲོག་པའི་ཚོར་བ་མྱོང་བར་གྱུར་ཏོ་སྙམ་མོ། །དེ་དེའི་ཚེ་ངས་ལེགས་པར་སྨྲས་པ་ཐོས་ནས་སེམས་དང་བར་འགྱུར་ཏེ། དེ་སེམས་དང་བར་གྱུར་ནས་སེམས་ཅན་དམྱལ་བ་ཆེན་ པོ་ནས་ཤི་འཕོས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དད་དཔོན། དེ་ནི་འདི་ལྟ་བུ་ཡིན་ཏེ། གང་དགྲ་དེ་བཞིན་གཤེགས་ [107A]༄༅། །པ་ལ་ཉེས་པའི་བར་དུ་གཅོད་པས་ཀུན་ཏུ་སྤྱོད་པ་དེ་དག་ནི་དེ་བཞིན་གཤེགས་པ་ལ་ཉེས་པའི་བར་དུ་གཅོད་པས་ཀུན་ཏུ་སྤྱད་པས་ལུས་ཞིག་ནས་ སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་རོ། །དེད་དཔོན། །གང་དག་དེ་བཞིན་གཤེགས་པ་ལ་བྱམས་པས་ཀུན་ཏུ་སྤྱོད་ཀྱི། ཉེས་པར་མ་ཡིན་པ་དེ་དག་ནི་ལུས་ཞིག་ ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷའི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་དག་དགེ་བའི་རྩ་བ་དེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉམས་སུ་བླངས་ནས་དེ་ཉིད་ དུ་དགེ་བའི་རྩ་བ་བསྐྱེད་དེ། རིམ་གྱིས་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའོ། །དེ་བས་ན་དེད་དཔོན་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ལ་སེམས་དད་པར་བྱས་པས། དེད་དཔོན་ཁྱོད་དགེ་བའི་རྩ་བ་དེ་དང། རྒྱུ་དེ་དང། རྐྱེན་དེས་གང་གི་ཚེ་བྱམས་པ་འཇིག་རྟེན་དུ་འབྱུང་ བ་དེའི་ཚེ་དེད་དཔོན་ཁྱོད་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་བྱམས་པའི་གསུང་རབ་དེ་ལ་རབ་ཏུ་འབྱུང་ངོ། །རབ་ཏུ་བྱུང་ནས་ཀྱང་སེམས་ཅན་གཉིད་ཀྱིས་ ལོག་པ་དང། མྱོས་པ་དང་རབ་ཏུ་མྱོས་པ་རྣམས་ལ་ཀྱེ་སེམས་ཅན་ཁྱེད་ལོངས་ལ་སྦྱོར་བར་གྱིས། འབད་པར་གྱིས། རྩོལ་བར་གྱིས་ཤིག་།དེ་བཞིན་གཤེགས་པ་ [107B]དུ་འབྱུང་བ་རྙེད་པར་དཀའ་སྟེ། འདི་ལྟ་སྟེ། དཔེར་ན། ཤིང་ཨུ་དུམ་ཝ་རའི་མེ་ཏོག་བརྒྱ་ལ་བརྒྱ་ལམ་ན་འབྱུང་ བར་འགྱུར་པ་དེ་བཞིན་དུ་དེ་གཤེགས་པ་རྣམས་ཀྱང་བརྒྱ་ལ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གནས་མེད་པ། ཞི་བར་འགྱུར་བ། ཡོངས་སུ་མྱ་ངན་ལས་འདའ་ བར་འགྱུར་བ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པའི་ཆོས་སྟོན་པའང་བརྒྱ་ལ་བརྒྱ་ལམ་ནའོ། །མིའི་ལུས་འཐོབ་ཅིང་འཕགས་པའི་གནས་ན་ཚུལ་བཞིན་དུ་ གནས་པའང་བརྒྱ་ལ་བརྒྱ་ལམ་ན་སྣང་ངོ། །མི་ཁོམ་པ་བརྒྱད་སྤངས་ནས་དེ་ལྟ་བུའི་དལ་བ་ཕུན་སུམ་ཚོགས་པ་རྙེད་པའང་བརྒྱ་ལ་བརྒྱ་ལམ་ན་སྟེ། བག་ཡོད་པས་ལེགས་པར་ བརྩོན་པར་གྱིས་ཤིག། ཕྱིས་འགྱོད་པར་མ་གྱུར་ཅིག་ཅེས་སྐུལ་བར་འགྱུར་རོ། །དེད་དཔོན་ཁྱོད་དེ་ལྟར་དེ་བཞིན་གཤེགས་པ་བྱམས་པའི་གསུང་རབ་དང། དེ་བཞིན་གཤེགས་ པ་བྱམས་པ་ཆོས་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་དེའི་གསུང་གི་ཚིག་རྗེས་སུ་འཛིན་ཅིང་རྗེས་སུ་སྐྱོང་བར་འགྱུར་རོ་།བྱམས་པའི་སེམས་ཁོན་མེད་པ་དང། འགྲན་ཟླ་མེད་པ་ དང། ཁ་ན་མ་ཐོ་བ་མེད་པ་དང། ཕན་པ་དང་བདེ་བས་ཁྱབ་པར་བྱེད་པར་འགྱུར་རོ། །དེད་དཔོན་ཁྱོད་དགེ་བའི་རྩ་བ་དེས་བདུད་སྡིག་ཅན་འདས་པའི་འོག་ཏུ་བདུད་ཀྱི་གནས་ན་ [108A]༄༅། །དབང་ཕྱུག་ཆེན་པོའི་བདག་པོ་བདུད་བྱེད་པར་འགྱུར་རོ་།དེད་དཔོན། སེམས་ཅན་གང་དག་དེ་བཞིན་གཤེགས་པ་ལ་ཐ་ན་སེམས་བསྐྱེད་པ་གཅིག་ ཙམ་གྱི་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་དེ་དག་ཐམས་ཅད་ནི་དེད་དཔོན་དགེ་བའི་རྩ་བ་དེས་མི་འཆི་བར་ཉེ་བར་འགྲོ། མི་འཆི་བ་ལ་གཞོལ། མི་འཆི་བའི་མཐར་འགྱུར་ རོ༑ ༑དེད་དཔོན་ཁྱོད་ནི་དགེ་བའི་རྩ་བ་དེས་ལྷ་དང་མིའི་ཕུན་སུམ་ཚོགས་བ་རྒྱ་ཆེན་པོ་མྱོང་ནས་བསྐལ་པ་བརྒྱད་ཅུའི་སྲིད་པ་ཐ་མ་ལ་ལུས་ཐ་མ་འཐོབ་པ་ན། རང་སངས་ རྒྱས་སྙིང་རྗེ་ཅན་ཞེས་བྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེད་དཔོན་ཁྱོད་ཀྱིས་ང་ཡོངས་སུ་མྱ་ངན་ལས་འདས་པའི་སྒྲ་ཐོས་ནས་ང་ལ་སེམས་དང་བ་ཆེན་པོ་བསྐྱེད་དེ་ སེམས་ཅན་རྣམས་ལའང་སྙིང་རྗེའི་སེམས་བསྐྱེད་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། ང་ལ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་མི་འདའ་བར་ བཞུགས་སུ་གསོལ་ཞེས་གསོལ་བ་འདེབས་པ་དང། དེ་བཞིན་གཤེགས་པ་བྱམས་པའི་བསྟན་པ་ལའང་སེམས་ཅན་དེ་དག་ལ་སྙིང་རྗེ་བསྐྱེད་ནས་གཉིད་ཀྱིས་ལོག་པ་ དང། མྱོས་པ་དང། རབ་ཏུ་མྱོས་པའི་སྐྱེ་བོ་རྣམས་ལ་བསྒོ་ཞིང་བསྐུལ་མ་འདེབས། དགེ་བའི་ཆོས་ཚད་མེད་པ་ལའང་བསྐུལ་པར་འགྱུར་ཏེ། དེད་དཔོན་ཁྱོད་རང་སངས་ [108B] རྐྱེན་འདི་ཡིན་ནོ། །དེད་དཔོན། དགེ་བའི་རྩ་བའི་ལོངས་སྤྱོད་ཆེན་པོ་འདི་ལྟ་བུ་སྦྱིན་གྱི། དེད་དཔོན་དགའ་ཞིང་མགུ་བ་དང། རངས་ཤིང་ཡིད་དགའ་ བར་གྱིས་ཤིག་དེད་དཔོན་ཁྱོད་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པ་དང། དེ་བཞིན་གཤེགས་པ་ལ་སེམས་དང་བའི་ཕྱིར་དེ་བཞིན་གཤེགས་བས་ཆོས་ཀྱི་དགའ་བ་ དང་ཆོས་ཀྱི་ལོངས་སྤྱོད་འདི་བྱིན་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་བ་དང། བཅོམ་ལྡན་འདས་ལ་བདུད་ཀྱི་བུ་དེད་དཔོན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ བདག་གིས་དེ་སྐད་དུ་གསོལ་ཀྱང་དེ་སྟེ་བཞུགས་སུ་མི་གནང་ན། བཅོམ་ལྡན་འདས། བདག་དེང་སླན་ཆད་འདི་ཡིད་མ་འཆའ་ཞིང་སྨོན་ལམ་འདེབས་ཏེ། བཅོམ་ལྡན་འདས་ ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཇི་སྲིད་དུ་གནས་པ་དེ་སྲིད་དུ། བཅོམ་ལྡན་འདས། བདག་གཟུགས་དང། སྒྲ་དང། དྲི་དང་རོ་དང། རེག་པ་རྣམས་ལ་སྙེན་པར་ མི་བགྱིད་དོ། །འདོད་པའི་ཡོན་ཏན་ལྔ་ལའང་ཆགས་པ་དང་རྩེ་བ་དང་ཡོངས་སུ་སྤྱོད་པར་མི་བགྱིད་དོ། །གོས་གཞན་ཡང་མི་འཚལ་མེ་ཏོག་དང། སྤོས་དང། ཕྲེང་བར་དང་ བྱུག་པའང་མི་སྙེན་ནོ། །བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཇི་སྲིད་དུ་ནུབ་པར་མ་གྱུར་གྱི་བར་དུ་དེ་ལས་གཞན་པའི་ལྷའི་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་དག་ཀྱང་མི་སྤྱོད་ [109A]༄༅། །དོ༑ ༑དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟར་བདག་སང་ནང་བར་འདི་ལྟ་བུའི་སྐྱེས་བུ་རིན་པོ་ཆེ་དང་འབྲལ་བར་འགྱུར་ཞིང་ལྷན་ཅིག་མི་ གནས་པ་དང། དབྱེ་བ་དང་འགྱེས་པ་དང་ཤིན་ཏུ་མི་སྣང་བར་འགྱུར་ན། བཅོམ་ལྡན་འདས། བདག་དགའ་བ་དང་རྩེ་བས་ཅི་ཞིག་བགྱི། བདེ་བས་ཅི་ཞིག་བགྱི། ཡིད་བདེ་བས་ ཅི་ཞིག་བགྱི། ཤེས་རབ་ཀྱི་སྒྲོན་མ་ཆེན་པོ་འདི་ལྟ་བུ་དང། ཤེས་རབ་ཀྱི་མར་མེ་ཆེན་པོ་འདི་ལྟ་བུ་དང། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་ནས་ བཅོམ་ལྡན་འདས། བདག་མགུ་བའམ། ཡིད་བདེ་བའམ། དགའ་བའམ། རངས་པའམ། རབ་ཏུ་དགའ་བ་མྱོང་བར་ག་ལ་འགྱུར། ཡེ་ཤེས་ཆེན་པོའི་ཉི་མ་འོད་ཟེར་ བརྒྱ་སྟོང་དུ་མས་བསྐོར་བ་མ་རིག་པའི་མུན་པ་སེལ་བ་འདི་ལྟ་བུ་དང། འོད་སྣང་བར་མཛད་པ་འདི་ལྟ་བུ་ནུབ་པར་གྱུར་ན། བཅོམ་ལྡན་འདས། བདག་དགའ་བའམ་བདེ་ པ་ག་ལས་མཆི། བདག་སེམས་ཅན་རིན་པོ་ཆེ་འདི་ལྟ་བུ་དང་བྲལ་ན་དགའ་བ་དང་རྩེ་བ་ག་ལས་མཆི། སེམས་ཅན་སྣང་བ། སེམས་ཅན་རྟོགས་པ། སེམས་ཅན་མ་སྨད་ པ༑ སེམས་ཅན་ཁ་ན་མ་ཐོ་བ་མེད་པ། སེམས་ཅན་མ་རྨོངས་པ། སེམས་ཅན་མཆོག་སེམས་ཅན་བླ་ན་མེད་པ། སེམས་ཅན་གོང་ན་མེད་པ། སེམས་ཅན་མཚུངས་པ་མེད་པ། སེམས་ [109B] སེམས་ཅན་མི་མཉམ་པ་དང་མཉམ་པ་སེམས་ཅན་ཐམས་ཅད་ཐར་བར་མཛད་པའི་སེམས་ཅན། སེམས་ཅན་རབ་སེམས་ཅན་མཆོད་པ། སེམས་ཅན་ ཁ་ལོ་སྒྱུར་བ། སེམས་ཅན་འདུལ་བ། སེམས་ཅན་ཕན་པར་དགྱེས་པ་ཡང་དག་པར་གསུང་བ། དུས་སུ་གསུང་བ། ཚིགས་སུ་གསུང་བ། ཕྱིན་ཅི་མ་ལོག་པར་གསུང་པ། ཇི་སྐད་ གསུང་བ་དེ་བཞིན་མཛད་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ། བྱམས་པ་ཆེན་པོ་ལ་གནས་པ། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མི་མངའ་བ། སེམས་ཅན་ཐམས་ཅད་ལ་ སེམས་མཉམ་པ་རབ་ཏུ་མ་སྤྲོས་པ། ང་རྒྱལ་མི་མངའ་བ། ལེན་པ་མི་མངའ་བ། གཞི་མི་མངའ་བ། གནས་མི་མངའ་བ། མི་སྐྱོ་བ་དྲི་མ་མི་མངའ་བ། སྐྱོབ་བ་འདྲེན་པ་རྣམ་ པར་འདྲེན་པ། ཡོངས་སུ་འདྲེན་པ། ཡོངས་སུ་ཐར་བར་མཛད་པ་ཡོངས་སུ་སྐྱོང་བ། དྲན་པར་མཛད་པ། རྟོགས་པར་མཛད་པ། སྐུལ་མ་འདེབས་པ། མྱ་ངན་སྤང་བ། ཟུག་ རྡུ་འབྱིན་པ། སྨན་པའི་རྒྱལ་པོ་སེམས་ཀྱི་གསོ་བ་མཛད་པ། སྨན་ཆེན་པོ་སྦྱིན་པ། ཤིན་ཏུ་སྡུག་བསྔལ་བ་ལས་ཡོངས་སུ་ཐར་བར་མཛད་པ། སྟོན་པ་པོ། དེད་དཔོན་ཁྲིད་པ་ འབབ་སྟེགས་མཛད་པ། གདོས་པ་འཛིན་པ། སྒྲོན་མ་འཛིན་པ། སྣང་བ་མཛད་པ། འོད་མཛད་པ། གསལ་བར་མཛད་པ། མིག་སྦྱིན་པ། ལམ་སྟོན་པ། ཡུལ་བདེ་བར་ཕྱིན་ [110A]༄༅། །པར་མཛད་པ། དྲི་མ་དང་ཐ་བ་དང་མདུད་པ་ཐམས་ཅད་སྤངས་པ། སྲེད་པ་མི་མངའ་བ། བག་ལ་ཉལ་མི་མངའ་བ། མདུད་པ་དང་ཀུན་ཏུ་སྦྱོར་བ་ཐམས་ ཅད་རབ་ཏུ་བཤིག་པ། འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། ཉོན་མོངས་པ་དང་བྲལ་བ། ཀུན་ཏུ་སྦྱོར་བ་དང་བྲལ་བ། ང་རྒྱལ་དང་དྲེགས་ པ་དང་རྩོད་པ་དང་བྲལ་བ། དེ་ལྟ་བུའི་སྐྱེས་བུ་ཆེན་པོ་སྐྱེས་བུ་དམ་པ། སྐྱེས་བུ་མཆོག། སྐྱེས་བུ་དཔའ་བོ། སྐྱེས་བུ་རྟུལ་ཕོད་པ། སྐྱེས་བུ་པདྨ། སྐྱེས་ བུ་པདྨ་དཀར་པོ། སྐྱེས་བུ་གླང་པོ། སྐྱེས་བུ་སེང་གེ། སྐྱེས་བུ་གཙོ་བོ། སྐྱེས་བུ་བརྟན་པ། སྐྱེས་བུ་མཆོག། སྐྱེས་བུ་ཅང་ཤེས་པ། བླ་ན་མེད་པ། ཡིད་ཡོངས་སུ་མི་སྐྱོ་བ། བསམ་ གཏན་ཆེན་པོ་ལ་བསམ་གཏན་པ། བསམ་གཏན་ཐམས་ཅད་ལ་བསམ་གཏན་པ། བསམ་གཏན་དང་སྙོམས་པར་འཇུག་པ་ཐམས་ཅད་སྤྱོད་ཡུལ་བ་ཤེས་རབ་ཆགས་ པ་མེད་པ། ཤེས་རབ་སྒྲིབ་པ་མེད་པ། ཤེས་རབ་ཀྱི་སྤྱོད་ཡུལ་མཉམ་པ་མེད་པ། རྒྱལ་མཚན་བསྙལ་བ། འདམ་ལས་རྒལ་བ། ཐང་ལ་གནས་པ། ཕ་རོལ་ཏུ་ཕྱིན་ པ༑ མི་འཇིགས་པའི་གནས་སུ་ཕྱིན་པ། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ། འཇིག་རྟེན་ཐམས་ཅད་དབུགས་འབྱིན་པ་འདིར་དོ་མོད་ཀྱི་ཐུན་ཐ་མ་ལ་ [110B] བདག་གིས་བཅོམ་ལྡན་འདས་སེང་གེའི་སྒྲ་སྒྲོགས་པ་ཕྱིན་ཆད་མི་མཐོང་ཞིང་དེ་བཞིན་གཤེགས་པའི་སེང་གེའི་སྒྲ་ཐོས་པར་མི་འགྱུར་ན། བཅོམ་ ལྡན་འདས། བདག་དགའ་བའམ་ཡིད་བདེ་བ་ག་ལས་མཆི། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ནི། བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། རྒྱལ་པོ་ རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་འཆི་བའི་དུས་བགྱིས་པ་ན་སེམས་ཅན་བྱས་པ་གཟོ་ཞིང་བྱས་པ་རིག་པ། བྱས་པ་རྗེས་སུ་སྐྱོང་བ། སྡུག་བསྔལ་གྱིས་གདུངས་པ་ཁ་ཅིག་ མཆིས་པ་དེ་དག་དེ་ན་དགུང་གཅིག་གམ། གཉིས་སམ། གསུམ་མམ་བྮིའམ། ལྔའམ། དྲུག་གམ། བདུན་ནམ། ཟླ་བ་ཕྱད་དམ། ཟླ་བ་གཅིག་ཏུ་མྱ་ངན་བགྱིད་དེ་མཆི་ མ་འབྱུང་ཞིང་གནས་པ་དེ་བཞིན་དུ། བདག་ཀྱང་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ན་དམ་པའི་ཆོས་འདི་ཇི་སྲིད་དུ་གནས་པ་དེ་སྲིད་དུ་བདག་གཟུགས་དང་ སྒྲ་དང། དྲི་དང། རོ་དང། རེག་བྱ་མི་སྙན་ཏོ། །འདོད་པའི་ཡོན་ཏན་ལྔ་ལའང་ཆགས་པར་མི་བགྱིས། མི་རྩེ། ཡོངས་སུ་མི་སྤྱོད་དོ། །གོས་གཞན་ཡང་མི་འཚལ་ཞིང་མེ་ཏོག་དང་ ཕྲེང་བ་དང་སྤོས་དང་བྱུག་པའང་མི་སྙེན་ཡོངས་སུ་མི་སྤྱོད་དོ། །བཅོམ་ལྡན་འདས། དམ་པའི་ཆོས་ནུབ་པར་མ་གྱུར་གྱི་བར་དུ་དེ་ལས་གཞན་པའི་ལོངས་སྤྱོད་རྣམས་ཀྱང་མི་ [111A]༄༅། །སྙེན་ཏོ། །དེད་དཔོན་གྱི་ལེའུ་སྟེ་གཉིས་པ་རྫོགས་སོ།།།།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་ སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་ཇི་ལྟར་བསྒྲུབ་པར་བརྒྱ་བ་བཀའ་སྩལ་དུ་གསོལ། །བཅོམ་ལྡན་འདས་།གང་ལྷ་མ་ཡིན་གྱི་ དབང་པོ་བཞི་གོ་ཆ་བགོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་གཡུལ་བཤམས་ཏེ་རྒོལ་བའི་དུས་དེ་ལྟ་བུ་དང་ཚེ་དེ་ལྟ་བུ་མཆིས་སོ། །གང་གི་ཚེ་ལྷ་དང་ལྷ་མ་ཡིན་ གཡུལ་ཤོམ་ཞིང་ལྷ་མ་ཡིན་གྱི་དབང་པོ་བཞི་ཚོགས་པར་གྱུར་པ་དེའི་ཚེ་འཕགས་པ་མཽངྒལ་གྱི་བུའང་མཆིས་ཏེ། འཕགས་པ་མཽངྒལ་གྱི་བུ་མཆིས་ནས་ལྷ་མ་ཡིན་ གྱི་དབང་པོ་དེ་བཞི་ཆོས་དང་མཐུན་པས་ཚར་གཅོད་དོ། །དེ་ལྟར་བགྱིས་པས་ལྷ་དང་ལྷ་མ་ཡིན་རྣམས་འཐབ་པ་མ་མཆིས། འགྱེད་པ་མ་མཆིས། །མཚང་འདྲུ་བ་མ་ མཆིས། རྩོད་པ་མ་མཆིས་ཤིང་བདེ་བར་འགྱུར་ན། བཅོམ་ལྡན་འདས་།མཽངྒལ་གྱི་བུའང་ཡོངས་སུ་མྱ་ངན་ལས་འདས། བཅོམ་ལྡན་འདས་ཀྱང་ད་ཡོངས་སུ་མྱ་ [111B] དེ་ལྟ་བས་ན་བདག་ཅག་འཐབ་པ་དང་འགྱེད་པ་ཆེན་པོར་འགྱུར་ན། བཅོམ་ལྡན་འདས། ལྷ་དང་ལྷ་མ་ཡིན་དང། ལྷ་མ་ཡིན་གྱི་དབང་པོ་བཞི་ གཡུལ་ཤོམ་པ་དེའི་ཚེ་ཇི་ལྟར་བསྒྲུབ་པར་བགྱི་བ་བདག་ལ་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ། འདི་ལྟ་སྟེ། ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར་ཚུལ་ཁྲིམས་དང་ལྡན་པ་ཚངས་པར་སྤྱོད་པའི་སེམས་ལ་སྨོན་པ་འགྲུབ་སྟེ་ཚངས་པར་མི་ སྤྱོད་པའི་མ་ཡིན་ནོ། །འདོད་ཆགས་དང་བྲལ་བའི་འགྲུབ་ཀྱི་འདོད་ཆགས་དང་མ་བྲལ་བའི་མ་ཡིན་ནོ། །ཞེ་སྡང་དང་བྲལ་བའི་འགྲུབ་ཀྱི་ཞེ་སྡང་དང་མ་བྲལ་བའི་མ་ཡིན་ནོ། །གཏི་ མུག་དང་བྲལ་བའི་འགྲུབ་ཀྱི་གཏི་མུག་དང་མ་བྲལ་བའི་མ་ཡིན་ནོ་།ཤེས་རབ་དང་ལྡན་པའི་གྲུབ་ཀྱི་ཤེས་རབ་འཆལ་བའི་མི་འགྲུབ་བོ། །ཀཽ་ཤི་ཀ། ཇི་སྲིད་དུ་དམ་པའི་ཆོས་འདི་ ནུབ་པར་མ་གྱུར་པ་དེ་སྲིད་དུ། ཀཽ་ཤི་ཀ། ལྷ་དང་ལྷ་མ་ཡིན་གཡུལ་ཤོམ་པར་འགྱུར་པ་ངའི་མིང་སྨོས་པ་ཙམ་གྱིས་ལྷ་རྣམས་རྒྱལ་པར་འགྱུར་ཞིང་ལྷ་མ་ཡིན་ཕམ་པར་ འགྱུར་བར་ངས་དེང་ནས་བྱིན་གྱིས་བརླབས་ཀྱིས། ཀཽ་ཤི་ཀ། མི་དགར་མ་བྱེད། །མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག། དེ་ནས་ལྷ་མ་ཡིན་གྱི་དབང་པོ་བཞི་བཅོམ་ལྡན་ [112A]༄༅། །འདས་ཀྱིས་བྱིན་གྱིས་བརླབས་པའི་སྒྲ་འདི་ལྟ་བུ་ཐོས་ནས་སྐྱོ་ཞིང་མི་དགའ་སྟེ། སྤུ་ཟིང་ཞེས་བྱེད་པར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ ལྷགས་ནས། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་པོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ལྷ་མ་ཡིན་གྱི་དབང་པོ་རྣམས་ཀྱིས་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། །ཅིའི་སླད་དུ་འདི་ལྟ་བུར་བྱིན་གྱིས་རློབ་པ་མཛད། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ ལྷ་མ་ཡིན་གྱི་དབང་པོ་བཞི་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷ་མ་ཡིན་གྱི་དབང་པོ་ཁྱེད་ཅག་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན། ཡོངས་སུ་ཡི་འཆད་པ་ མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། ཁྱེད་རྣམས་ཀྱང་ལྷ་རྣམས་ཀྱི་དབང་པོར་འགྱུར་བའི་དུས་དེ་ལྟ་བུ་དང། ཚེ་དེ་ལྟ་བུ་ཡོད་དེ། སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷ་རྣམས་པས་ ཆེས་ཕྱུག་པ་དང། འཐབ་པ་མེད་པ་དང། རྩོད་པ་མེད་པ་དང་འགྱེད་པ་མེད་པ་དང། འགལ་བ་མེད་ཅིང་རྒྱལ་བ་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཁྱེད་འཐབ་ པ་མེད་པ་དང། འཚང་འདྲུ་བ་མེད་པ་དང། འགྱེད་པ་མེད་པ་དང་རྩོད་པ་མེད་པ་དང། འགལ་བ་མེད་པར་ལྷུར་ལོང་ལ། བྱམས་པའི་སེམས་དང། ཕན་པའི་སེམས་ [112B] གྲོགས་པོ་དག། སྲོག་ནི་རྒྱུན་མི་རིང། དབང་ཕྱུག་ལ་དབང་བྱེད་པ་ནི་མི་རྟག་གོ། །གྲོགས་པོ་དག། ཕུན་སུམ་ཚོགས་པ་ཐམས་ ཅད་ནི་མཐར་འཇིག་གོ། གྲོགས་པོ་དག། དེ་བཞིན་གཤེགས་པའང་མི་རྟག་པ་ཉིད་ཀྱིས་མཐར་ཐུག་པ་དང། ཡོངས་སུ་ཟད་པ་དང། ཡོངས་སུ་དེངས་པར་བྱེད་པ་ལ་ལྟོས། ང་ནི་ སེམས་ཅན་ཐམས་ཅད་ལ་ཁོན་མེད་པ་དང། འཐབ་པ་མེད་པ་དང་རྩོད་པ་མེད་པ་དང། འགལ་བ་མེད་པར་བྱེད་པ་ལ་གནས་པ་དང་སེམས་ཅན་ཐམས་ཅད་འདུམ་ཞིང་ མཐུན་པར་བྱེད་པ་ལ་ཞུགས་པ་ཡིན་ཡང། དེ་ལྟར་ན་ཁྱོད་དགེ་བའི་རྩ་བ་ཆུང་དུ་དང་ལྡན་པ་ཕན་ཚུན་འཐབ་པ་དང་རྩོད་པ་ལ་མངོན་པར་དགའ་བ་རྣམས་ལ་ལྟ་སྨོས་ཀྱང་ཅི་ དགོས། གྲོགས་པོ་དག། གང་གཞན་ལ་རྣམ་པར་མཐོ་འཚམས་པ་དང་རྣམ་པར་འཚེ་བ་ལ་ཞུགས་པར་གྱུར་པ་དེ་ནི་ཡུན་རིང་དུ་རྣམ་པར་མཐོ་འཚམས་པ་དང་རྣམ་པར་འཚེ་བ་ ཐོབ་པར་འགྱུར་རོ། །གྲོགས་པོ་དག། སྲོག་གཅོད་པའི་སྐྱེས་བུ་གང་ཟག་ནི་ཚེ་ཐུང་བར་འགྱུར་རོ། །གྲོགས་པོ་དག་འཐབ་པ་དང་རྩོད་པ་ལ་དགའ་བའི་སྐྱེས་བུ་གང་ཟག་ ནི་རྟག་ཏུ་སྐྲག་པས་འཚོ་བར་འགྱུར་ཞིང། དབང་ཆེ་བར་གྲགས་པ་དང་གཡོག་འཁོར་མང་པོར་མི་འགྱུར་རོ། །གྲོགས་བོ་དག་དགེ་བ་དང་སྡིག་པའི་ལས་རྣམས་ཆུད་ཟ་བ་ [113A]༄༅། །མེད་དོ། །དེ་བས་ན། གྲོགས་པོ་དག་ཁྱེད་ཕན་ཚུན་བྱམས་པའི་སེམས་དང། བྱམས་པའི་ལུས་ཀྱི་ལས་དང། བྱམས་པའི་དག་གི་ལས་དང། བྱམས་ པའི་ཡིད་ཀྱི་ལས་ཀུན་ཏུ་སྤྱོད་ཅིག་འཐབ་པ་མེད་པ་དང། འཚང་འདྲུ་བ་མེད་པ་དང། རྩོད་པ་མེད་པ་ལྷུར་ལོང་ལ་གནས་པར་གྱིས་ཤིག་དང། དེ་ཡུན་རིང་པོར་དོན་དུ་ འགྱུར་བ་དང། ཕན་པ་དང། བདེ་བ་དང། འགྱོད་པ་མེད་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་བ་དང། བཅོམ་ལྡན་འདས་ལ་ལྷ་མ་ཡིན་གྱི་དབང་པོ་དེ་དག་གིས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ། དེ་དེ་ལྟ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཀའ་སྩལ་པ་དེ་བཞིན་དུ་བགྱིའོ། ། དེ་བཞིན་དུ་བསྒྲུབ་པར་བགྱིའོ། །དེ་བཞིན་དུ་གནས་པར་བགྱིའོ་།བཅོམ་ལྡན་འདས། བདག་ཅག་ཀྱང་དེང་སླན་ཆད་གཡུལ་ཤོམ་པ་མི་བགྱིད་དོ། །ཕན་ཚུལ་བྱམས་པས་ ཀུན་ཏུ་སྤྱད་པར་བགྱིའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་འདའ་བ་ལ་མྱ་ངན་བྱེད་དེ། གདོང་ལ་མཆི་མ་ཟག་པར་དུ་ཞིང་སྡུག་བསྔལ་ ཡིད་མི་བདེ་ཞིང་མྱ་ངན་གྱི་ཟུག་རྡུ་ཆེན་པོ་དང་ལྡན་པར་གྱུར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་དེང་སླན་ཆད་ [113B]ཆོས་ཇི་སྲིད་དུ་གནས་པ་དེ་སྲིད་དུ་གཟུགས་ལ་མི་སྙམ་པ་ནས། རེག་བྱ་ལ་མི་རེག་པ་དང། སླས་ཀྱི་ནང་དུ་མི་འཇུག་པ་དང་ གོས་གཞན་མི་འཚལ་བར་བགྱིས་ཏེ། བཅོམ་ལྡན་འདས། འདི་ལྟ་སྟེ་དཔེར་ན། སེམས་ཅན་གང་དག་བྱས་པ་གཟོ་ཞིང་བྱས་པ་རིག་པ་བྱས་པ་རྗེས་སུ་སྐྱོང་བ་དེ་དག་རྗེ་བོ་གུམ་ པར་གྱུར་ན། དེའི་སླད་དུ་སྡུག་བསྔལ་ཞིང་མཆི་མ་འབྱུང་བ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ན་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཇི་སྲིད་ དུ་གནས་པ་དེ་སྲིད་དུ་མཆི་མ་དབྱུང་བར་བགྱི། འདོད་པའི་ཡོན་ཏན་ལྔ་ལ་མི་སྙེན། སླས་ཀྱི་ནང་དུ་མི་འཇུག་དེ་ལས་གཞན་པའི་གོས་འཆང་བར་མི་བགྱིད་དོ། །བཅོམ་ལྡན་ འདས། འདི་ལྟར་བདག་འཇིག་རྟེན་ཐམས་ཅད་ལས་འདས་པའི་སྟོན་པ་འདི་ལྟ་བུ་དང་སང་ནང་བར་འབྲལ་ཞིང་མི་མཐོང་བ་དང་མི་འགྲོགས་པར་འགྱུར་པ་ལགས་པ་ལྟ། ལྷའི་ དབང་པོ་བརྒྱ་བྱིན་གྱིས་དེ་སྐད་གསོལ་ནས་མཆི་མ་ཟག་པ་བཞིན་དུ་མགོ་སྨད་དེ་འདུག་གོ། བརྒྱ་བྱིན་གྱི་ལེའུ་སྟེ་གསུམ་པ་རྫོགས་སོ།།།།དེ་ནས་གནས་བརྟན་ སྒྲ་ཅན་ཟིན་འདི་སྙམ་དུ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་བདག་མངོན་སུམ་དུ་ལྟ་བར་མི་སྤྲོའོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་ [114A]༄༅། །མངོན་སུམ་དུ་མཐོང་ན་བདག་རངས་པར་ག་ལ་འགྱུར་ཏེ་མགུ་བག་ལ་ཡོད། ཡིད་བདེ་བ་ག་ལ་ཡོད། དགའ་བ་ག་ལ་ཡོད། ཡི་རང་པ་ག་ལ་ཡོད་ཀྱི་ བདག་ངེས་པར་འདི་ནས་འཇིག་རྟེན་གྱི་ཁམས་བཅུ་འདས་པ་ན། འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་བསྙེན་པར་དཀའ་བཞེས་བྱ་བའི་དྲུང་དུ་འགྲོའོ་སྙམ་དུ་སེམས་སོ། །དེ་ནས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་ཀུ་ཤའི་གྲོང་ཁྱེར་གྱད་རྣམས་ཉེ་བར་གནས་ པ་ཤིང་སཱ་ལའི་ཚལ་ནས་མི་སྣང་བར་གྱུར་ཏེ། བྱང་ཤར་གྱི་ཕྱོགས་ག་ལ་བ་དང། དེ་བཞིན་གཤེགས་པ་བསྙེན་པར་དཀའ་བ་ག་ལ་བ་དེར་སོང་ནས་ཕྱིན་པ་དང། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡག་དག་པར་རྫོགས་པའི་སངས་རྒྱས་བསྙེན་པར་དཀའ་བའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ ཏུ་འདུག་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་བ་ཚེ་དང་ལྡན་པ་སྒྲ་གཅོན་ཟིན་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྙེན་པར་དཀའ་ བས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒྲ་གཅན་ཟིན་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་དེ་ཅིའི་ཕྱིར་ཞེ་ན། སྒྲ་གཅན་ཟིན། སྡུག་བ་དང་ཡིད་དུ་འོང་བ་ཐམས་ཅད་ [114B]འབྲལ་བར་འགྱུར་རོ། །སྒྲ་གཅན་ཟིན། སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་མཛད་པ་མཛད་ནས་ཡོངས་སུ་མྱ་ངན་ལས་འདའ་ བ་འདི་ནི་ཆོས་ཉིད་ཡིན་ནོ། །སྒྲ་གཅན་ཟིན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྱད་རྣམས་ཉེ་བར་གནས་པའི། ། ཤིང་སཱ་ལའི་ཚལ་ན་ཤིང་སཱ་ལ་ཟུང་གི་བར་དུ་སེང་གེ་ལྟར་གློ་གཡས་བས་མནལ་ཏེ་དོ་མེད་ཀྱི་ཐུན་ཐ་མ་ལ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་ འདའ་བར་འགྱུར་གྱི། སྒྲ་གཅན་ཟིན་ཁྱོད་དེར་སོང་སྟེ། ཁྱོད་ངེས་པར་དེར་འདུག་དགོས་ཀྱི། སྒྲ་གཅན་ཟིན་ཁྱོད་སོང་ཞིག་བཅོམ་ལྡན་འདས། ཡོངས་སུ་མྱ་ངན་ལས་འདས་པའི་ འོག་ཏུ་འགྱོད་པར་གྱུར་ཏ་རེ། དེ་སྐད་ཅེས་བཀའ་སྩལ་བ་དང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྙེན་པར་དཀའ་བ་ལ་ཚེ་དང་ལྡན་ པ་སྒྲ་བཅན་ཟིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དོ་མོད་ཀྱི་ཐུན་ཐ་མ་ལ་ ཡོངས་སུ་མྱ་ངན་ལས་འདའོ་ཞེས་བགྱི་བའི་སྒྲ་དེའང་ཐོས་པར་མི་བཟོད་ན། བཅོམ་ལྡན་འདས། དེ་ཡོངས་སུ་མྱ་ངན་ལས་འདའ་བ་མངོན་སུམ་དུ་མཐོང་བ་ལྟ་སྨོས་ཀྱང་ཅི་ [115A]༄༅། །འཚལ། བཅོམ་ལྡན་འདས་དེ་བས་ན་བདག་དེར་མཆི་བར་མི་སྤྲོའོ། །དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསྙེན་ པར་དཀའ་བ་དེའི་བཀའ་མ་མཉན་པར་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ཏོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རིམ་གྱིས་བཅུ་པ་དེ་ན་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེད་དཔོན་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་སོ། །དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་དེ་བཞིན་གཤེགས་པ་དེད་དཔོན་ ག་ལ་པ་དེར་སོང་སྟེ་ཕྱིན་པ་དང་དེ་བཞིན་གཤེགས་པ་དེད་དཔོན་གྱི་ཞབས་ལ་ཕྱག་འཚལ་ནས་གདོང་མཆི་མ་ཅན་དུ་དུས་ཏེ། སྨྲེ་སྔགས་འདོན་ཞིང་ཕྱོགས་གཅིག་ཏུ་འདུག་ གོ། ཕྱོགས་གཅིག་ཏུ་འདུག་པ་དང། ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ དེད་དཔོན་གྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒྲ་གཅན་ཟིན། ཐོང་མི་དགར་མ་བྱེད། མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག། སྒྲ་གཅན་ཟིན། སྐྱེ་བའི་ཆོས་ཅན་མི་སྐྱེ་ བ་དང། རྒ་བའི་ཆོས་ཅན་མི་རྒ་བ་དང། ན་བའི་ཆོས་ཅན་མི་ན་བ་དང། འཆི་པའི་ཆོས་ཅན་མི་འཆི་བ་དང། ཟད་པའི་ཆོས་ཅན་མི་ཟད་པར་འགྱུར་པ་དེ་ལྟ་བུ་ག་ལ་ཡོད། སྒྲ་ [115B] དེ་ལྟར་བུའི་གནས་དཀོན་ནོ། །སྒྲ་གཅན་ཟིན། སྔོན་གྱི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་ཐམས་ཅད་ཀྱང་ཞི་ཞིང་བྲལ་ཏེ་ཡོངས་སུ་མྱ་ངན་ལས་འདས་སོ། །མ་འོངས་པའི་ སངས་རྒྱས་བཅོམ་ལྡན་འདས་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །གང་དག་ད་ལྟར་བཞུགས་པའི་དེ་བཞིན་གཤེགས་པ་ དང་ཉན་ཐོས་དང་རང་སངས་རྒྱས་དེ་དག་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདའོ། །སྒྲ་གཅན་ཟིན། བསྐལ་པའམ་བསྐལ་པ་བརྒྱར་གནས་པའང་ངེས་པར་ཡོངས་སུ་མྱ་ངན་ལས་ འདའ་དགོས་སོ། །སྒྲ་གཅན་ཟིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཤིན་ཏུ་རྣམ་པར་ཞི་པ་མ་གཏོགས་པར་ཆོས་ཉིད་གཞན་མེད། གནས་མེད་དོ། །སྒྲ་གཅན་ཟིན་ ཤིན་ཏུ་རྣམ་པར་ཞི་བ་ཞེས་བྱ་བ་ནི་ཤིན་ཏུ་ཞི་བ། ཤིན་ཏུ་བསིལ་བར་གྱུར་པ། ཤིན་ཏུ་མཐར་ཐུག་པ། ཤིན་ཏུ་བདེ་བ། ཤིན་ཏུ་གྲུབ་པ་དང་བདེ་བ་སྟེ། འདི་ལྟ་སྟེ། གཞི་ མེད་པ་མྱ་ངན་ལས་འདས་པའི་དབྱིངས་སོ། །སྒྲ་གཅན་ཟིན། སྐྱེ་བ་སྡུག་བསྔལ། རྒ་པ་སྡུག་བསྔལ། ན་བ་སྡུག་བསྔལ། འཆི་བ་སྡུག་བསྔལ། ཡང་དང་ཡང་མཛའ་བ་དང་ བྲལ་བ་སྡུག་བསྔལ། མི་མཛའ་བ་དང། འགྲོགས་པ་སྡུག་བསྔལ་ཕུང་པོའི་ཁུར་ཐོགས་པ་སྡུག་བསྔལ་ལོ། །སྒྲ་གཅན་ཟིན། གང་གདག་ཉོངས་སུ་མྱ་ངན་ལས་འདས་པ་དེ་དག་ [116A]༄༅། །ནི་བདེ་བ་ཡིན་གྱི། སྒྲ་གཅན་ཟིན་ཁྱོད་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་གྱིས་ཤིག། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེའང་ ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། གང་ན་སྐྱེ་བ་མེད་།རྒ་བ་མེད། ན་བ་མེད། འཆི་བ་མེད། མཛའ་བ་དང་བྲལ་བ་མེད་མི་མཛའ་བ་དང་ཕྲད་བ་མེད། སྡུག་བསྔལ་ བ་དང་ཡིད་མི་བདེ་བ་མེད་པ་དེར་ཁྱོད་གཉིས་ཀ་འདོད་བར་གྱུར་གྱི། །སྒྲ་གཅན་ཟིན། །ཁྱོད་མི་དགར་མ་བྱེད། མྱ་ངན་མ་བྱེད་སྨྲེ་སྔགས་མ་འདོན་ཅིག་སྒྲ་གཅན་ཟིན་ ཆོས་ཉིད་རྗེས་སུ་དྲན་པར་གྱིས་ཤིག། ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་ཏུ་འཛིན་པ་མ་གཏོགས་པར་འདི་ལ་སྐྱེ་བ་གང་ཡིན། །འདི་ལ་རྒ་བ་གང་ཡིན། །འདི་ལ་འཆི་ བ་གང་ཡིན། འཕོ་བ་གང་ཡིན། །འབྱུང་བ་གང་ཡིན། །སྒྲ་གཅན་ཟིན། བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ། འཕགས་པའི་ཆོས་རྣམས་མ་མཐོང་བ། འཕགས་ པའི་ཆོས་རྣམས་མ་བསླབས་པ། འཕགས་པའི་ཆོས་རྣམས་ལ་མི་མཁས་པ། འཕགས་པའི་ཆོས་རྣམས་ལ་མི་གནས་པ། འཕགས་པའི་ཆོས་རྣམས་ཀྱིས་མ་དུལ་ བ། འཕགས་པའི་ཆོས་རྣམས་མ་ཤེས་པའི་ཕྱིར་འདུ་ཤེས་ཕྱིན་ཅི་ལོག་དང། ལྟ་བ་ཕྱིན་ཅི་ལོག་ཏུ་ཕྱིན་ཅི་ལོག་པས་སྐྱེ་བ་དང་རྒ་བ་དང། ན་བ་དང། འཆི་བ་དང་ [116B] འབྱུང་བ་དང། ཀུན་ཏུ་རྒྱུག་པ་དང། འཁོར་བ་དང། རྣམ་པར་བརྐམ་པ་དང། རྒུད་པ་དང། མི་དགའ་བ་དང་མྱ་ངན་དང། སྨྲེ་སྔགས་འདོན་པ་དང། བྲང་རྡུང་བར་ འགྱུར་རོ། །སྒྲ་གཅན་ཟིན། འཕགས་པའི་ཆོས་འདུལ་བ་འདི་ལ་ནི་འདུ་བྱེད་ཐམས་ཅད་རྣམ་པར་ཞི་བས་ཕྱིས་གོང་དུ་བྱ་བ་ཅིའང་མེད་དོ། །སྒྲ་གཅན་ཟིན། །སྟོན་པའི་ཉན་ཐོས་ བཅོམ་ལྡན་འདས་ཀྱི་སྲས་ཀྱིས་གང་བྱ་བ་དེ་ཁྱོད་ཀྱིས་བྱས་ཟིན་ཏོ། །སྒྲ་གཅན་ཟིན། །སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་ཉན་ཐོས་རྣམས་ཀྱི་བྱ་བ་གང་ཡིན་པ་དེ་མཛད་ཟིན་ཏེ། ད་གོང་ དུ་མཛད་པ་མེད་ཀྱི། སྒྲ་གཅན་ཟིན་ཁྱོད་ད་མྱ་ངན་མ་བྱེད། མི་དགར་མ་བྱེད། །སྨྲེ་སྔགས་མ་འདོན་པར་སྒྲ་གཅན་ཟིན་ཁྱོད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཤཱཀྱའི་རྒྱལ་པོ་ཆེན་ པོ་དེ་ལ་ཐ་མར་བལྟ་བ་དང་ཕྱག་བྱ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་སོང་ཞིག་ཕྱིས་འགྱོད་པར་གྱུར་ཏ་རེ། སྒྲ་གཅན་ཟིན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་དེ་ལྟར་གྱད་ རྣམས་ཉེ་བར་གནས་པ་ཤིང་སཱ་ལའི་ཚལ་ན་སེང་གེ་ལྟར་གློ་གཡས་པས་མནལ་བ་མཛད་དེ་ཁྱོད་ཀྱང་གཟིགས་པར་བཞེད་ཀྱི། སྒྲ་གཅན་ཟིན་ཁྱོད་ངེས་པར་དེ་ན་འདུག་དགོས་ སོ༑ ༑དེ་སྐད་ཅེས་བཀའ་སྩལ་བ་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེད་དཔོན་ལ་ཚེ་དང་ལྡན་བ་སྒྲ་གཅན་ཟིན་གྱིས་འདི་སྐད་ཅེས་གསོལ་ཏོ། །གང་བཅོམ་ལྡན་ [117A]༄༅། །འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱ་ཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བགྱི་བའི་སྒྲ་དེ་ལྟ་ བུའང་བདག་ཐོས་པར་མི་སྤྲོ་ན། བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་བ་ལྟ་སྨོས་ཀྱང་ཅི་འཚལ། །བཅོམ་ལྡན་འདས། གང་བཅོམ་ལྡན་འདས་ཤཱཀྱ་ ཐུབ་པ་ཤཱཀྱའི་རྒྱལ་པོ་དེ་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བགྱི་བའི་སྒྲ་དེ་ལྟ་བུ་དེ་ཐོས་པས་བདག་ལུས་དུབ་པར་གྱུར་ཏོ་བཅོམ་ལྡན་འདས། སེམས་ཅན་རིན་པོ་ཆེ་འཇིག་ རྟེན་ཐམས་ཅད་ལ་ཕན་པར་བཞེད་པ། འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་ཐུགས་བརྩེ་བ། འཇིག་རྟེན་ཐམས་ཅད་ཀྱི་སྒྲོན་མ། འཇིག་རྟེན་ཐམས་ཅད་དང་མི་མཚུངས་ པ༑ འཇིག་རྟེན་ཐམས་ཅད་ཀྱི་འོད་མཛད་པ། འཇིག་རྟེན་ཐམས་ཅད་ཀྱི་མིག། ཤེས་རབ་ཀྱི་སྒྲོན་མ་ཆེན་པོས་སྣང་བར་མཛད་པ། དེ་ལྟ་བུ་དང་བདག་སང་ནང་བར་འབྲལ་ ཞིང་འབྱེ་བ་དང་མི་འགྲོགས་པར་གྱུར་པ་ཇི་ལྟར་བགྱི། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེད་དཔོན་གྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒྲ་གཅན་ཟིན། ཐོང། སྨྲེ་སྔགས་མ་འདོན། སྒྲ་གཅན་ཟིན། བཅོམ་ལྡན་འདས་དེས་འདུ་བྱེད་ཐམས་ཅད་མི་རྟག་པ། འདུ་བྱེད་ཐམས་ [117B] ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ་ཞེས་ཐོག་མ་ཉིད་དུ་ཆོས་མ་བསྟན་ཏམ་།སྒྲ་གཅན་ཟིན། བཅོམ་ལྡན་འདས་དེས། འདུ་བྱེད་ཐམས་ ཅད་མི་རྟག་སྟེ། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། སྐྱེས་ནས་འགག་པར་འགྱུར་བ་སྟེ། དེ་དག་རྣམ་པར་ཞི་བ་བདེ། །ཞེས་བྱ་བ་དེ་སྐད་ཀྱང་གསུངས་སོ། །གསོལ་པ། །བཅོམ་ ལྡན་འདས། དེ་ལྟ་ལགས་སོ། །བདེ་བར་གཤེགས་པ། དེ་ལྟ་ལགས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བཅོམ་ལྡན་འདས་དེས་སྡུག་པ་དང་ཡིད་དུ་འོང་བ་ཐམས་ ཅད་དང་ཐ་དད་དུ་འགྱུར་ཞིང། འགྱེས་པ་དང་འབྲལ་བ་དང་འབྱེད་པར་འགྱུར་བ་དང། ཇི་སྲིད་ཡུན་རིང་དུ་གནས་ཀྱང་ངེས་པར་ཉམས་པར་འགྱུར་རོ་ཞེས་ཐོག་མ་ཉིད་ ཏུ་མ་བསྟན་ཏམ། གསོལ་པ། བཅོམ་ལྡན་འདས། དེ་ལྟ་ལགས་སོ། དེ་བར་གཤེགས་པ། དེ་ལྟ་ལགས་སོ། །བཀའ་སྩལ་བ། སྒྲ་གཅན་ཟིན། །གང་སྐྱེས་ཤིང་བྱུང་བ་ འདུས་བྱས་པ། བསམས་པ། ཀུན་ཏུ་རྟོག་པ་ལས་བྱུང་བ། རྟེན་ཅིང་འབྲེལ་པར་བྱུང་བ་དེ་དག་འཇིག་པར་མི་འགྱུར་བ་དེ་ག་ལ་ཡོད་དེ་དེའི་གནས་མེད་དོ། །དེ་ནས་ཚེ་དང་ ལྡན་པ་སྒྲ་གཅན་ཟིན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡབ་ཤཱཀྱ་ཐུབ་པ་དེ་རྗེས་སུ་དྲན་ནས་ཆོས་ཀྱི་ཤུགས་ཀྱིས་མཆི་མ་བྱུང་བར་ [118A]༄༅། །གྱུར་ཏོ། །བདག་སང་ནང་བར་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཅིང་ཆོས་སྟོང་པ་མི་མཐོང་ངོ་རིའི་རྒྱལ་པོ་རི་རབ་རྒྱ་ མཚོའི་ནང་ནས་མངོན་པར་བྱུང་ཞིང་ལྷག་གེར་སྣང་བ་ལྟ་བུ་།ཟླ་བ་ཉ་བ་སྐར་མས་ཡོངས་སུ་བསྐོར་བ་ལྟར་མཚོན་བརྒྱས་བརྒྱན་པ། ཉི་མ་འོད་སྟོང་དང་ལྡན་པ་ནམ་མཁའ་ལ་ ཐལ་ལེར་སྣང་བ་ལྟ་བུ། རྒྱ་མཚོ་ལྟར་ཟབ་ཅིང་ཚད་མེད་ལ་རིན་པོ་ཆེ་དུ་མའི་ཚོགས་ཡོད་པ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟར་འཁོར་དུ་མས་ཡོངས་སུ་བསྐོར་བ། གངས་ རིའི་རྒྱལ་པོ་ལྟར་དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཀུན་ཏུ་རྒྱས་པ། རི་ཁོར་ཡུག་ཆེན་པོ་ལྟར་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་རབ་ཏུ་མི་ གཡོས་པ། པདྨ་ལྟར་མཚོའི་ནང་ན་འདུག་ཀྱང་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མ་གོས་པ། ཚངས་པའི་འཁོར་གྱི་ནང་ན་ཚངས་པ་ལྟ་བུ། བརྒྱ་བྱིན་མིག་སྟོང་དང་ ལྡན་པ་ལྟར་སེང་གེའི་གདན་ལ་བཞུགས་པ། སེང་གེ་ལྟར་འཇིགས་ཤིང་སྐྲག་པ་མེད་པར་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པ་ཕྱིན་ཆད་བདག་གིས་མི་མཐོང་ངོ་ཞེས་ ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་དེ་སྐད་སྨྲས་ནས་དུ་ཞིང་སེམས་ཁང་དུ་ཆུད་དེ་ཅང་མི་སྨྲ་བར་འདུག་གོ། །དེ་ནས་དེ་བཞིན་གཤེགས་པ་དེད་དཔོན་གྱིས་ཚེ་དང་ལྡན་པ་སྒྲ་གཅན་ [118B] །སྒྲ་གཅན་ཟིན་ཁྱོད་བཅོམ་ལྡན་འདས་དེའི་དྲུང་དུ་སོང་ཞིག། །བཅོམ་ལྡན་འདས་དེ་ཁྱོད་གཟིགས་པར་བཞེད་ཀྱི། སྒྲ་གཅན་ཟིན་ཁྱོད་ངའི་ ངག་མ་གཅོག་པར་སོང་ཞིག། བཅོམ་ལྡན་འདས་དེའི་སྐུའོ་བརྒྱལ་བར་མ་བྱེད། སྒྲ་གཅན་ཟིན་ཁྱོད་ངེས་པར་དེ་ན་འདུག་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། སྒྲ་གཅན་ཟིན། སངས་ རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཉིད་ཀྱིས་དེ་བཞིན་གཤེགས་པ་བྱམས་པས་ཁྱབ་པར་མཛད་པ་དང། གང་དགོངས་པར་མཛད་པ་དང་གང་ཞིག་བཞེད་ན་དེ་དག་ ངེས་པར་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། དེའི་ཚེ་དེ་དག་ངེས་པར་བཞུགས་པར་འགྱུར་རོ། །སྒྲ་གཅན་ཟིན། །དེ་བཞིན་གཤེགས་པ་དེ་ཁྱོད་གཟིགས་པར་བཞེད་ཀྱི། སོང་ ལ་ཁྱོད་ངེས་པར་དེ་ན་གནས་པར་གྱིས་ཤིག་དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེད་དཔོན་གྱི་ཞབས་ལ་མགོ་བོས་ ཕྲག་བཙལ་ནས། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་བརྐྱང་བའམ། བརྐྱང་བ་ལས་བསྐུམ་པ་དེ་བཞིན་དུ་ཚེ་དང་ལྡན་པ་སྒྲ་ གཅན་ཟིན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེད་དཔོན་གྱི་སངས་རྒྱས་ཀྱི་ཞིང་ནས་མི་སྣང་བར་གྱུར་ཏེ་ [119A]༄༅། །ཀུ་ཤའི་གྲོང་ཁྱེར་གྱད་རྣམས་ཉེ་བར་གནས་པའི་ཤིང་སཱ་ལའི་ཚལ་ཤིང་སཱ་ལ་ཟུང་གི་བར་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ལན་གསུམ་བསྐོར་བ་བྱས་ཏེ་ངུ་ཞིང་སྨྲེ་སྔགས་འདོན། །མཆི་མ་བྱུང་བཞིན་དུ་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འདུག་ གོ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། སྒྲ་གཅན་ཟིན། ཚུར་ཤོག། སྒྲ་གཅན་ཟིན་ཁྱོད་མི་དགར་མ་བྱེད། མ་ངུ། སྨྲེ་ སྔགས་མ་འདོན། ཡི་མ་འཆད་ཅིག་སྒྲ་གཅན་ཟིན་ཁྱོད་ཀྱིས་ང་ལ་ཕའི་བྱ་བ་བྱས། ངས་ཀྱང་བུ་ཁྱོད་ལ་བུའི་བྱ་བ་བྱས་སོ་།སྒྲ་གཅན་ཟིན། །དེ་ལྟར་ངས་པའི་བྱ་བ་བྱས། ཁྱོད་ཀྱིས་ ཀྱང་བུའི་བྱ་བ་བྱས་ཏེ། བདག་ཅག་གཉིས་ཀས་ཀྱང་བྱ་བ་བྱས་ཤིང་བྱེད་པ་བྱས་ཟིན་གྱི། སྒྲ་གཅན་ཟིན་ཁྱོད་མྱ་ངན་མ་བྱེད་སྨྲེ་སྔགས་མ་འདོན། ཡི་མ་འཆད་ཅིག་ སྒྲ་གཅན་ཟིན། བདག་ཅག་གཉིས་སེམས་ཅན་ཐམས་ཅད་འཇིགས་པ་མེད་པར་བྱ་བའི་ཕྱིར་ཞུགས་པ་དང་ཁོ་ན་མེད་པ་དང། འགྲན་ཟླ་མེད་པ་དང། རྣམ་པར་ མཐོ་འཚམས་པ་མེད་པ་དང། རྣམ་པར་འཚེ་བ་མེད་པར་ཞུགས་པ་ལ་ལྟོས། དའང་ང་ནི་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་གནས་ཏེ་ཕྱིན་ཆད་སུའི་ཕར་ [119B] །སྒྲ་གཅན་ཟིན་ཁྱོད་ཀྱང་ཡོངས་སུ་མྱ་ངན་ལས་འདས་ན་ཕྱིན་ཆད་སུའི་བུར་ཡང་མི་འགྱུར་རོ། །སྒྲ་གཅན་ཟིན། བདག་ཅག་གཉིས་སེམས་ཅན་ཐམས་ཅད་ལ་རྣམ་ པར་འཚེ་བ་མེད་པ་དང་མི་མཐུན་པ་མེད་པར་གནས་པ་ལ་ལྟོས། དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ ཡོངས་སུ་མྱ་ངན་ལས་མི་འདར་གསོལ། བདེ་བར་གཤེགས་པ། །ཡོངས་སུ་མྱ་ངན་ལས་མི་འདར་གསོལ། །བཅོམ་ལྡན་འདས་སྐྱེ་བོ་མང་པོ་ལ་སྨན་པ་དང་བདེ་བ་དང། འཇིག་རྟེན་ ལ་ཐུགས་བརྩེ་བ་དང། ལྷ་དང་མི་རྣམས་ཀྱི་དོན་དང། ཕན་པ་དང་བདེ་བའི་སླད་དུ་བསྐལ་བར་བཞུགས་སུ་གསོ། །དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ ལྡན་པ་སྒྲ་གཅན་ཟིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒྲ་གཅན་ཟིན། ཆོས་གང་དག་དང་ལྡན་ན་འཇིག་རྟེན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཀྱི་གྲངས་སུ་འགྲོ་བའི་ཆོས་དེ་དག་སྒྲ་གཅན་ཟིན་ཟད་པའམ་རྙིངས་པའམ། སྐྱེ་བའམ། འགྲོ་བའམ། འོང་བའམ། འབྱུང་བའམ། འགག་པའམ། སྲིད་པའམ། འཇིག་ པའམ། གནས་པའམ། འདུག་པའམ། ཉལ་བའམ། ལྡན་པའམ། མི་ལྡན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྒྲ་གཅན་ཟིན། །ཆོས་དེ་ནི་གནས་པ་སྟེ། ཤིན་ཏུ་མི་འབྱུང་ [120A]༄༅། །བ། ཤིན་ཏུ་མི་སྐྱེ་བ། ཤིན་ཏུ་མི་འགག་པ། ཤིན་ཏུ་སྟོང་པ། ཤིན་ཏུ་སྐྱེ་བ་མེད་པ། ཤིན་ཏུ་ངོ་བོ་ཉིད་མེད་པ། ཉེ་བར་ཞི་བ། གྲངས་མེད་པ། གཞི་ མེད་པ། བརྗོད་དུ་མེད་པ། ངག་གི་ལམ་མ་ཡིན་པའོ། །སྒྲ་གཅན་ཟིན་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། །འདི་ལྟར་སྟེ། ཤིན་ཏུ་གནས་པ་ཉིད་དང། ཉེ་ བར་ཞི་བ་ཉིད་དང། ཤིན་ཏུ་དཔེན་པ་ཉིད་དང། ཤིན་ཏུ་འདོད་ཆགས་དང་བྲལ་བ་ཉིད་དང། ཤིན་ཏུ་འགགས་པ་ཉིད་དང། ཤིན་ཏུ་མ་འདྲེས་པ་ཉིད་དང། ཤིན་ཏུ་མ་བྱས་ པ་ཉིད་དང། ཤིན་ཏུ་མི་ཟད་པ་ཉིད་དེ། སྒྲ་གཅན་ཟིན། ངས་འདི་ལ་དགོངས་ནས་འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང། དེ་བཞིན་གཤེགས་པ་རྣམས་ མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་གནས་པ་ཉིད་དང་ཆོས་ཉིད་དང། ཆོས་ངེས་པ་ཉིད་དང། ཆོས་འདོད་ཆགས་དང་བྲལ་བ་ཉིད་དང། ཆོས་ཀྱི་ངོ་བོ་ཉིད་ནི་གནས་ པ་ཉིད་དོ་ཞེས་བཤད་དོ། །སྒྲ་གཅན་ཟིན། དེ་བཞིན་གཤེགས་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་བསྣམས་ཏེ་ཡོངས་སུ་མྱ་ངན་ལས་མི་འདའ་ཏིང་ངེ་འཛིན་གྱི་ཕུང་པོ་མ་ཡིན་ ཤེས་རབ་ཀྱི་ཕུང་པོ་མ་ཡིན། རྣམ་པར་གྲོལ་བའི་ཕུང་པོ་མ་ཡིན་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་བསྣམས་ཏེ་ཡོངས་སུ་མྱ་ངན་ལས་མི་འདའི། སྒྲ་གཅན་ [120B]སྨྲེ་སྔགས་མ་འདོན། ཡི་འཆད་པ་མ་སྐྱེད་ཅིག་སྒྲ་གཅན་ཟིན། འདུ་བྱེད་ཐམས་ཅད་ནི་མི་རྟག་པ། མི་བརྟན་པ། གཟུགས་འཕྱིན་པ་མེད་པ། ཐེར་ ཟུག་མ་ཡིན་པ། ཟད་ཅིང་འགྱུར་བའི་ཆོས་ཅན་ཡིན་ཏེ། སྒྲ་གཅན་ཟིན། དེ་བས་ན་འདུ་བྱེད་ཐམས་ཅད་ལ་ཡིད་བྱུང་བར་བྱ་བའི་རིགས་མཆགས་པར་བྱ་བའི་རིགས། རྣམ་ པར་གྲོལ་བར་བྱ་བའི་རིགས་ཏེ། སྒྲ་གཅན་ཟིན། །འདི་ནི་ཁྱོད་ལ་རྗེས་སུ་བསྟན་པའོ། །སྒྲ་གཅན་ཟིན་ལ་བདེན་པ་མཐོང་བའི་ལེའི་འདི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ ཀུན་ཏུ་ཤེས་ནས་དགེ་སློང་གནས་བརྟན་དྲུག་ཅུ་ཙམ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ལྷ་དང་མི་ཚད་མེད་པ་དག་ཆོས་ལ་ཆོས་ཀྱི་མིག་རྡུལ་ མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །བྱང་ཆུབ་སེམས་དཔའ་དྲུག་ཁྲི་བརྒྱད་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། ཐམས་ཅད་ཀྱང། ཀྱེ་མའོ་སངས་རྒྱས་ ཀྱ་མའོ་སངས་རྒྱས། ཀྱེ་མའོ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་བོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང། དེ་དག་གིས་བཅོམ་ལྡན་འདས་ལ་མེ་ཏོག་ཨུཏྤལ་དང། པདྨ་ དང། ཀུ་མུ་ད་དང། པདྨ་དཀར་པོ་རྣམས་ཀྱིས་གཏོར། མངོན་པར་གཏོར་ནས་ཚིག་འདི་སྐད་ཅེས་བདག་ཅག་ཀྱང་མ་འོངས་པའི་དུས་ན་སྟོན་པ་འདི་ལྟ་བུ་འཇིག་རྟེན་དུ་ [121A]༄༅། །འབྱུང་བར་གྱུར་ཅིག། འདི་ལྟར་ཆོས་སྟོན་པར་གྱུར་ཅིག་བླ་ན་མེད་པ་འཇིག་རྟེན་ཐམས་ཅད་དང་མི་འདྲ་བའི་ཡོངས་སུ་མྱ་ངན་ལས་འདའ་བ། སངས་ རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་འདི་ལྟ་བུས་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་སྨྲས་སོ། །དེ་སྐད་ཅེས་སྨྲས་ནས་བྱང་ཆུབ་སེམས་དཔའ་དེ་ དག་ཅང་མི་སྨྲ་བར་གྱུར་ཏོ། །སྒྲ་གཅན་ཟིན་གྱི་ལེའུ་སྟེ་བཞི་པ་རྫོགས་སོ།། །།བམ་པོ་གསུམ་པ། དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ ཀྱི་ཕང་ན་གཟིམས་ཁྲི་ལ་བསྙེས་ནས་དུས་ཏེ་མཆི་མ་བྱུང། སྨྲེ་སྔགས་འདོན་ཅིང་འདུག་གོ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་མཆི་མ་ཟག་པར་དུ་ཞིང་ཤིང་ལྗོན་ པ་ཆེན་པོ་བཅད་དེ་བསྒྱེལ་བ་བཞིན་དུ་ས་ལ་འགྱེལ་ཏེ། བཅོམ་ལྡན་འདས། ཡོངས་སུ་མྱ་ངན་ལས་འདའ་བ་ཧ་ཅང་མྱུར་ཆེས་སོ། །བདེ་བར་གཤེགས་པ། ཡོངས་སུ་ མྱ་ངན་ལས་འདའ་བ་ཧ་ཅང་མྱུར་ཆེས་སོ། །ཐུགས་རྗེ་ཅན། མི་བཞུགས་པར་འགྱུར་བ་ཧ་ཅང་མྱུར་ཆེས་སོ། །སེམས་ཅན་རིན་པོ་ཆེ་མི་བཞུགས་པར་འགྱུར་བ་ཧ་ཅང་ མྱུར་ཆེས་སོ། །མར་མེ་ཆེན་པོ། འཇིག་རྟེན་ན་མི་སྣང་བར་འགྱུར་བ་ཧ་ཅང་མྱུར་ཆེས་སོ། །སྒྲོན་མ་ཆེན་པོ། འཇིག་རྟེན་ན་མི་སྣང་བར་འགྱུར་བ་ཧ་ཅང་མྱུར་ཆེས་སོ། ། [121B]འཇིག་རྟེན་ན་འགག་པར་འགྱུར་བ་ཧ་ཅང་མྱུར་ཆེས་སོ། །སེམས་ཅན་རིན་པོ་ཆེ། སེམས་ཅན་པདྨ་དཀར་པོ། འཇིག་རྟེན་ན་མི་སྣང་བར་འགྱུར་བ་ཧ་ཅང་མྱུར་ ཆེས་སོ། །སེམས་ཅན་ཅང་ཤེས་པ། སེམས་ཅན་དུལ་བ། སེམས་ཅན་མ་དུལ་བ་འདུལ་བ། འཇིག་རྟེན་ན་མེད་པར་འགྱུར་བ་ཧ་ཅང་མྱུར་ཆེས་སོ་།དེད་དཔོན་སྟོན་པ་པོ། བདེ་བའི་ ལམ་སྟོན་པ། འཇིག་རྟེན་ན་མི་སྣང་བར་འགྱུར་བ་ཧ་ཅང་མྱུར་ཆེས་སོ། །མིག་ཆེན་པོ། ཤེས་རབ་ཀྱི་སྣང་བ་སྟོན་པ། འཇིག་རྟེན་ན་མི་སྣང་བར་འགྱུར་བ་ཧ་ཅང་མྱུར་ཆེས་སོ། །སེམས་ ཅན་རྣམས་ཀྱི་ཕ་མ། འཇིག་རྟེན་ན་མི་སྣང་བར་འགྱུར་བ་ཧ་ཅང་མྱུར་ཆེས་སོ། །འཇིག་རྟེན་ན་ལོང་བར་འགྱུར་བ་ཧ་ཅང་མྱུར་ཆེས་སོ། །བཅོམ་ལྡན་འདས། འཇིག་རྟེན་མགོན་ མ་མཆིས་པ་དང། ཡོངས་སུ་འདྲེན་པ་མ་མཆིས་པར་འགྱུར་བ་ཧ་ཅང་མྱུར་ཆེས་སོ། །སང་ནང་པར་ནས་མིང་མཚན་ཙམ་ཞིག་ལུས་ཏེ་སེམས་ཅན་རིན་པོ་ཆེ་མི་མཐོང་བར་འགྱུར་ བ་ལྟ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཐོང། མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་ཀུན་དགའ་བོ། སྡུག་ པ་དང། ཡིད་དུ་འོང་བ་ཐམས་ཅད་དང་ཐ་དད་པར་འགྱུར་ཞིང་འགྱུར་བ་དང། འབྱེ་བར་འགྱུར་བ་དང། འབྲལ་བར་འགྱུར་བར་ངས་ཐོག་མ་ནས་མ་བཤད་དམ། ཀུན་དགའ་ [122A]༄༅། །བོ༑ གང་སྐྱེས་པ་བྱུང་བ། འདུས་བྱས་པ། བསམས་པ་རྟེན་ཅིང་འབྲེལ་པར་འབྱུང་བ། འཇིག་པའི་ཆོས་ཅན་དེ་མི་འཇིག་པར་ག་ལ་འགྱུར་ཏེ། དེ་ནི་གནས་ མེད་དོ། །དེ་ལྟ་བུར་གྱུར་པ་དག་གནས་ཤིང་མི་སྣང་བར་མི་འགྱུར་པ་དེའི་གནས་མེད་དོ། །ཀུན་དགའ་བོ། ཇི་ལྟར་རིང་དུ་གནས་ཀྱང་ངེས་པར་ཡོངས་སུ་མྱ་ངན་ལས་འདའ་བའི་ ཆོས་ཅན་དུ་འགྱུར་རོ། །དེ་བས་ན་ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་མིག་མི་འཛུམས་པར་བཅོམ་ལྡན་འདས་ ཀྱི་ཞལ་དུ་བལྟས་ནས་ཤིང་ལྗོན་པ་བཅད་དེ་བསྒྱེལ་བ་བཞིན་དུ་ཡང་ས་ལ་འགྱེལ་ཏོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ལན་གཉིས་སུ་བཀའ་ སྩལ་པ། ཀུན་དགའ་བོ་ཐོང། མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་ཀུན་དགའ་བོ། དོན་འདི་མྱ་ངན་བྱས་པ་དང། སྨྲེ་སྔགས་འདོན་པས་རྙེད་པར་སླ་བ་མ་ཡིན་ནོ།། སྡུག་པ་དང། ཡིད་དུ་འོང་བ་ཐམས་ཅད་དང་ཐ་དད་དུ་འགྱུར་ཞིང་འགྱེས་པར་འགྱུར་བར་ངས་ཐོག་མ་ནས་བཤད་དོ། །འདུ་བྱེད་རྣམས་ཇི་སྲིད་རིང་དུ་གནས་ཀྱང་ངེས་པར་ རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ནོ། །ཀུན་དགའ་བོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་བྱམས་པའི་ལུས་ཀྱི་ལས་ཕན་པ་དང། བདེ་བ་དང། གཉིས་སུ་མེད་པ་དང་ [122B] ཁོན་མེད་པ་དང། འགྲན་ཟླ་མེད་པ་དང་བྱམས་པའི་ངག་གི་ལས་དང། བྱམས་པའི་ཡིད་ཀྱི་ལས་བདེ་བ་ནས་འགྲན་ཟླ་མེད་པའི་བར་གྱིས་བསྙེན་བཀུར་བྱས་སོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ས་ལས་ལངས་ནས་མཆི་མ་ཕྱིས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་སེམས་ཅན་རིན་པོ་ཆེ་དེ་ ལྟ་བུ་དང་ཐ་དད་དུ་འགྱུར། བདག་ཐུགས་རྗེ་ཆེན་པོ་འཇིག་རྟེན་ཐམས་ཅད་ལས་འཕགས་པ། འཇིག་རྟེན་ཐམས་ཅད་ལ་ཕན་པར་བཞེད་པ། འཇིག་རྟེན་ཐམས་ཅད་ལ་ཐུགས་ བརྩེ་བ་ཅན། འཇིག་རྟེན་ཐམས་ཅད་ལ་གཅེས་པ། འཇིག་རྟེན་ཐམས་ཅད་ཀྱི་སྟོན་པ། འཇིག་རྟེན་ཐམས་ཅད་ཀྱི་ཡོངས་སུ་འདྲེན་པ། འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་ བདེ་བ་སྦྱིན་པ། སེམས་ཅན་ཆེན་པོ་དེ་ལྟ་བུ་དང་སང་ནང་པར་འབྲལ་ཞིང་ཐ་དད་དུ་འགྱུར་ན་ཅིའི་སླད་དུ་བདག་མྱ་ངན་མི་བགྱིད། སྨྲེ་སྔགས་མི་འདོན། དེ་ནས་ཚེ་དང་ལྡན་པ་ ཀུན་དགའ་བོ་མཆི་མ་མང་དུ་ཕྱུང་ནས་མཆི་མ་ཕྱིས་ཏེ་ཡང་ཚིག་འདི་སྐད་སྨྲས་སོ། །ཀྱེ་མའོ་གང་དུ་མར་མེ་ཆེན་པོ། སྒྲོན་མ་ཆེན་པོ། སྣང་བ་ཆེན་པོ་འདི་ལྟ་བུ་འཇིག་རྟེན་ན་མི་ སྣང་བར་འགྱུར། ཡེ་ཤེས་ཀྱི་ཉི་མ་ཆེན་པོ་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བསྐོར་བ། ཀུན་ཏུ་འོད་ཀུན་ཏུ་སྣང་བ་ཀུན་ཏུ་ལམ་མེ་བ། ཀུན་ཏུ་འོད་ཟེར་ཀུན་ཏུ་རྟོག་ཀུན་ཏུ་ [123A]༄༅། །གཟིགས་པ། ཀུན་ཏུ་མཁྱེན་པ་ཀུན་ཏུ་ཤེས་རབ་ཀུན་ཏུ་དྲན་པ་ཀུན་ཏུ་སྤྱོད་ཡུལ་ཀུན་ཏུ་འོད་ཀྱི་སེམས་ཅན་ཤེས་རབ་ཀྱི་སྣང་བ་འདི་ལྟ་བུ་འཇིག་རྟེན་དུ་ནུབ་ བར་འགྱུར་པའི་འདུ་བྱེད་རྣམས་ནི་གཡོན་ཅན་ནོ། །བརྙས་ཐབས་ཅན་ནོ། །ཀྱེ་མའོ་འཇིག་རྟེན་ན་འོད་བྱེད་པ་མི་སྣང་བར་འགྱུར་བ་ཧ་ཅང་མྱུར་ཆེས་སོ། །ལྷ་དང་བཅས་པའི་ འཇིག་རྟེན་གྱི་མགོན་པོ་མི་སྣང་བར་འགྱུར་བ་ཧ་ཅང་མྱུར་ཆེས་སོ་།ཀྱེ་མའོ་བཅོམ་ལྡན་འདས་ཆོ་འཕྲུལ་དང་བཅས་པ་འཇིག་རྟེན་ན་མི་སྣང་བར་འགྱུར་བ་ཧ་ཅང་ཡང་ མྱུར་ཆེས་ན། བཅོམ་ལྡན་འདས། ཅིའི་སླད་དུ་བདག་མྱ་ངན་མི་བགྱིད། བཅོམ་ལྡན་འདས། ཅིའི་སླད་དུ་བདག་སྨྲེ་སྔགས་མི་འདོན་བཅོམ་ལྡན་འདས། བདག་ སྙིང་རྣམ་པ་བརྒྱར་མ་གས་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་མ་གུམ་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས། བདག་དེ་ལ་འདི་སྙམ་དུ་བཅོམ་ལྡན་ འདས་ཀྱི་བྱིན་གྱི་རླབས་ཀྱིས་བདག་མ་གུམ་མོ་སྙམ་བགྱིད་དོ། །དེ་ཅིའི་སླད་དུ། བཅོམ་ལྡན་འདས་ལས་བདག་གིས་གང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མངོན་ དུ་མ་ནོས། མངོན་དུ་ཀུན་ཏུ་ཆུད་པར་བགྱིས། མངོན་དུ་ཀུན་བཟུང་བ་དེ་དག་ད་དུང་སྐྱེ་བོ་མང་པོ་ལ་ཕན་པར་མ་གྱུར། ཕྱོགས་མང་པོར་རྒྱས་པར་མ་གྱུར་པས། བཅོམ་ [123B] བདག་འདི་སྙམ་དུ་བདག་མ་གུམ་པ་དེ་ནི་བཅོམ་ལྡན་འདས་ཀྱི་མཐུ་ལགས་པ་སྙམ་བགྱིད་དེ། བཅོམ་ལྡན་འདས། བདག་ཅིའི་སླད་དུ་མྱ་ངན་མི་བགྱིད། བཅོམ་ ལྡན་འདས། བདག་ཅིའི་སླད་དུ་སྨྲེ་སྔགས་མི་འདོན། བཅོམ་ལྡན་འདས་བདག་གྲོང་ཁྱེར་སེར་སྐྱའི་གནས་སུ་བཅོམ་ལྡན་འདས་བལྟམས་པའི་སར་མཆིས་ནས་ཤཱཀྱ་རྣམས་ ཚོགས་པ་ལ་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོ་ཤིན་ཏུ་མི་འབྱུང་བར་བཞུགས་སོ་ཞེས་བྒྱིའམ་ཇི་སྐད་བགྱི། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་མཆིས་ནས་ལུས་འཕགས་མོའི་བུ་ རྒྱལ་པོ་མ་སྐྱེས་དགྲ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མ་ཆེན་པོ་ནུབ་སྟེ་མཚམས་མེད་པའི་ལས་ཀྱི་ཟུག་རྔུ་འབྱིན་པ་སྨན་པའི་རྒྱལ་པོ་ཆེན་པོ་དེ་གཤེགས་ལགས་ སོ་ཞེས་བྒྱིའམ་ཇི་སྐད་བགྱི། གྲོང་ཁྱེར་ཆེན་པོ་མཉན་ཡོད་དུ་མཆིས་ནས་ཐུགས་རྗེ་ཆེན་པོ་བརྙེས་པ། ཕན་པ་བཞེད་པ། འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་དེ་མི་སྣང་བར་ གྱུར་ཏོ་ཞེས་བྒྱིའམ་ཇི་སྐད་བགྱི། མགོན་མེད་ཟས་སྦྱིན་ལ་དེ་བཞིན་གཤེགས་པ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་ཇི་ག་བཞུགས་པར་འགྱུར་ རམ་ཞེས་བྒྱིའམ་ཇི་སྐད་བགྱི། ཡངས་པའི་གྲོང་ཁྱེར་ཆེན་པོར་མཆིས་ནས་ལི་ཙ་བིའི་ཚོགས་རྣམས་ཀྱི་མདུན་དུ་དེད་དཔོན་ཕན་པར་བཞེད་པ་དེ་ནུབ་པར་གྱུར་ཏོ་ཞེས་བྒྱིའམ་ [124A]༄༅། །ཇི་སྐད་བགྱི། ཕྱོགས་དང་ཕྱོགས་མཚམས་རྣམས་ནས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་ཞུ་བ་ཡོངས་སུ་ཞུ་བའི་སླད་དུ་མཆི་བ་དེ་རྣམས་ལ་མཁྱེན་ པ་ཆེན་པོ་དང་ལྡན་པ་འཇིག་རྟེན་ཐམས་ཅད་ཀྱི་ཁམས་མཁྱེན་པ་མཁས་པ་ཐེ་ཚོམ་ཞུས་པ་ཐམས་ཅད་སེལ་བདེ་ནུབ་པར་གྱུར་ཏོ་ཞེས་བྒྱིའམ་ཇི་སྐད་བགྱི། ཕྱོགས་དང་ ཕྱོགས་མཚམས་རྣམས་ནས་དབྱར་གྱི་གནས་སུ་གནས་གནས་པའི་དགེ་སློང་བཅོམ་ལྡན་འདས་ལ་བལྟ་བ་དང། ཕྱག་འཚལ་བ་དང། བསྙེན་བཀུར་བགྱི་བ་དང། ཞུ་བ་ དང་བརྟག་པའི་སླད་དུ་མཆི་བ་དེ་རྣམས་ལ་ཆོས་དང་ལྡན་པའི་གཏམ་གསུང་ཞིང་མིའི་ཆོས་བླ་མ་རྟོགས་པ་བཅོམ་ལྡན་འདས་མི་བཞུགས་ན་བདག་གིས་མི་མཐོང་ངོ། ། མི་ཐོས་སོ། །ཆོ་འཕྲུལ་དང་བཅས་པའི་ཚངས་པར་སྤྱོད་པ་དེ་ལྟ་བུ་འཇིག་རྟེན་ན་མི་སྣང་བར་འགྱུར་ན། བཅོམ་ལྡན་འདས། བདག་ཅིའི་སླད་དུ་མྱ་ངན་མི་བགྱིད། ཅིའི་སླད་ དུ་བདག་སྨྲེ་སྔགས་མི་འདོན། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཐོང། །མྱ་ ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་ཀུན་དགའ་བོ། ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པར་གྱུར་པ་ལྷ་དང་མི་རྣམས་ལ་རྒྱ་ཆེ་ཞིང་ཡངས་པ་དང། ལྷ་དང་ [124B]རོ། །ཀུན་དགའ་བོ། ང་ཡོངས་སུ་མྱ་ངན་ལས་འདས་ནས་དགེ་སློང་འོད་སྲུང་དང་ཀུན་དགའ་བོ་ཁྱེད་གཉིས་ལོ་བཞི་ བཅུ་ལྷག་ཙམ་དུ་ཆོ་འཕྲུལ་དང་བཅས་པའི་ཚངས་པར་སྤྱོད་པ་ལྷ་དང་མིས་སོ་སོར་མནོས་པ་དེ་སྤྱོད་པར་འགྱུར་གྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་ ངའི་དམ་པའི་ཆོས་སྐྱེ་བོ་མང་པོ་ལ་ཕན་པར་གྱུར་པ་ལྷ་དང་མི་རྣམས་ལ་རྒྱ་ཆེ་ཞིང་ཡངས་པར་གྱུར་པ་ཡུན་རིང་དུ་གནས་པར་འགྱུར་རོ། །ཀུན་དགའ་བོ། ང་འདས་ནས་དགེ་སློང་ འོད་སྲུང་དང་ཁྱེད་གཉིས་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཡང་དག་པར་བསྒྲུབས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་དང། ངའི་དགེ་ བའི་ཆོས་དཀོན་མཆོག་འདི་རྣམ་པར་འཕེལ་ཞིང་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་ཞུགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། དགེ་སློང་འོང་སྲུང་ནི་འདོད་པ་ ཆུང་བ། ཆོག་ཤེས་པ། རབ་ཏུ་དབེན་པ། བརྩོན་འགྲུས་བརྩམས་པ་དྲན་པ་ཉེ་བར་བཞག་པ། སྤྲོས་པ་མེད་པ་ལ་དགའ་བ། མཉམ་པར་བཞག་པ། ཤེས་རབ་རྣོ་བའོ། །ཀུན་ དགའ་བོ། དགེ་སློང་འོད་སྲུང་ནི་སྐྱེ་བོ་མང་པོ་ལ་ཡང་དག་པར་སྟོན་པ། ཡང་དག་པར་འཛིན་དུ་འཇུག་པ། ཡང་དག་པར་གཟེངས་བསྟོད་པ། ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་ [125A]༄༅། །ཚངས་པ་མཚུངས་པར་སྤྱོད་པ་ཐམས་ཅད་ལ་ཆོས་འཆད་པས་ངལ་བ་མེད་པའོ། །ཀུན་དགའ་བོ། དགེ་སློང་འོད་སྲུང་ནི་འཁོར་བཞི་པོ་དག་གི་ཕ་མ་ལྟ་ བུའོ༑ ༑ཀུན་དགའ་བོ། དགེ་སློང་འོད་སྲུང་ནི་འཇིག་རྟེན་ལ་ཡུན་རིང་དུ་ལྟ་ཞིང་སྙིང་བརྩེ་བ་ཅན་ནོ། །ཀུན་དགའ་བོ། །དགེ་སློང་འོད་སྲུང་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང། སྐྱེ་བོ་མང་ པོ་ལ་བདེ་བ་དང། འཇིག་རྟེན་ལ་སྙིང་བརྩེ་བ་དང། ལྷ་དང་མི་རྣམས་ཀྱི་དོན་དང། ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་ཡིན་ནོ་།གསོལ་པ། བཅོམ་ལྡན་འདས། དགེ་སློང་འོད་ སྲུང་སྐྱེ་བོ་མང་པོ་ཇི་སྙེད་ཅིག་གི་དོན་ལ་དགའ་བ་དང། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བར་དགའ་བ་ལ་ཞུགས་པ་ལགས་བཀའ་སྩལ་པ། ཀུན་དགའ་བོ། །དགེ་སློང་ འོད་སྲུང་གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བ་དེའི་ཚེ་འདི་ལྟར་བྱིན་གྱིས་རློབ་པར་འགྱུར་ཏེ། བདག་ཡོངས་སུ་མྱ་ངན་ལས་འདས་ནས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་འཇིག་རྟེན་དུ་མ་བྱུང་གི་བར་དུ་བདག་གི་ལུས་གཞན་དུ་མ་གྱུར་ཅིག་གོས་དང་སྤུ་དང། སྐྲ་དང། པགས་པ་ དང། མདོག་དང། དབང་པོ་རྣམས་གཞན་དུ་མ་གྱུར་ཅིག་བདག་གི་ལུས་སམ་ཡན་ལག་ཐམས་ཅད་ཀྱང་གཞན་དུ་མ་གྱུར་ཅིག་གང་གི་ཚེ་དེ་བཞིན་གཤེགས་པ་བྱམས་ [125B]པ་དེ་འདུས་པ་དང་པོ་དང། དེ་བཞིན་དུ་འདུས་པ་གཉིས་པ་དང། དེ་བཞིན་དུ་འདུས་པ་ཆེན་པོ་གསུམ་པ་དང་བཅས་པས་ བདག་གི་ལུས་མ་ཞིག་པར་གཟིགས་པར་གྱུར་ཅིག་བདག་གིས་ཆོས་བཤད་པ་ལ་ཉེ་བར་བརྟེན་པ་དང། བདག་གི་བྱིན་གྱི་རླབས་དང། བདག་ལ་དམིགས་པས་སྲོག་ཆགས་ བརྒྱ་ཕྲག་མང་པོ་དང། སྲོག་ཆགས་སྟོང་ཕྲག་མང་པོ་དང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་རྣམས་དུལ་བར་གྱུར་ཅིག་གང་གི་ཚེ་དེ་བཞིན་གཤེགས་པ་བྱམས་ པ་དང། ཉན་ཐོས་འདུས་པ་གསུམ་པོ་དབང་པོ་མ་ཡེངས་པ་གོས་ཇི་ལྟ་བ་བཞིན་དུ་བགོས་པ་དེ་རྣམས་ཀྱིས་བདག་གི་ལུས་མ་ཞིག་པར་གཟིགས་པར་གྱུར་པ་དེའི་ཚེ་བདག་གི་ ལུས་ནམ་མཁའ་ལ་མངོན་པར་འཕགས་ནས་ལུས་ཀྱི་མེའི་ཁམས་ཀྱིས་ལུས་ཚིག་པར་གྱུར་ཅིག་ཚིག་པ་དེའི་སོལ་བའང་མི་སྣང་བར་གྱུར་ཅིག་སྙམ་མོ། །ཀུན་དགའ་བོ་ གང་དེ་ལྟར་བྱིན་གྱིས་རློབ་པར་འགྱུར་བའི་དགེ་སློང་འོད་སྲུང་དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང། དེ་ལྟར་སྐྱེ་བོ་མང་པོ་ལ་བདེ་ བའི་ཕྱིར་ཞུགས་པ་ཡིན་ནོ། །ཀུན་དགའ་བོ། དགེ་སློང་འོད་སྲུང་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བྲག་གི་རི་བཞི་ལྷན་ཅིག་ཏུ་ཚོགས་ནས་འོད་སྲུང་གི་ལུས་བསྐོར་ཏེ་གཅིག་ [126A]༄༅། །ཏུ་འབྱོར་བར་གནས་པར་འགྱུར་རོ། །ཀུན་དགའ་བོ། བྲག་གི་རི་དེ་བཞིའི་ནང་ན་དགེ་སློང་འོད་སྲུང་གི་ལུས་གཅིག་ཏུ་མཁྲེགས་ཤིང་མ་ཞིག་པར་ གནས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བྱམས་པ་ཇི་སྲིད་དུ་འཇིག་རྟེན་དུ་མ་བྱུང་བ་དེ་སྲིད་དུ་དགེ་སློང་འོད་སྲུང་གི་ལུས་གོས་དང་བཅས་པར་མ་ཞིག་པར་གནས་པར་ འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། །འདི་ལྟ་སྟེ། ཚུལ་ཁྲིམས་དག་པའི་ཕྱིར་ཚུལ་ཁྲིམས་དང་ལྡན་པ་ཚངས་པར་སྤྱོད་པའི་སེམས་ལ་སྨོན་པ་འགྲུབ་སྟེ། ཚངས་ པར་མི་སྤྱོད་པའི་མ་ཡིན་ནོ། །ཤེས་རབ་དང་ལྡན་པའི་འགྲུབ་ཀྱི་ཤེས་རབ་འཆལ་བའི་མ་ཡིན་ནོ། །འདོད་ཆགས་དང་བྲལ་བའི་འགྲུབ་ཀྱི་འདོད་ཆགས་དང་མ་བྲལ་བའི་ མ་ཡིན་ནོ། །ཀུན་དགའ་བོ། དེ་བས་ན་དགེ་སློང་འོད་སྲུང་སྔོན་གྱི་བྱིན་གྱི་རླབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་ནས་དེ་བཞིན་གཤེགས་པ་བྱམས་པ་འཇིག་རྟེན་དུ་མ་ བྱུང་གི་བར་དུ་ལུས་གཞན་དུ་མི་འགྱུར། སྐྲ་དང། སྤུ་དང། ཤ་དང། ཁྲག་དང། པགས་པ་དང། དེ་ལས་གཞན་པའི་ཡན་ལག་དང་ཉིད་ལག་རྣམས་དང། དབང་ པོ་རྣམས་དང། གོས་རྣམས་གཞན་དུ་མི་འགྱུར་ཞིང་ལུས་ཀྱི་དྲི་ང་བ་མེད་པར་འགྱུར་རོ། །ཀུན་དགའ་བོ། དེ་ནས་དེ་བཞིན་གཤེགས་པ་བྱམས་པ་འཇིག་རྟེན་དུ་བྱུང་ནས་ [126B]དང་ཐབས་གཅིག་ཏུ་འོད་སྲུང་གི་ལུས་ག་ལ་འདུག་བ་དེར་གཤེགས་པར་འགྱུར་རོ། །ཀུན་དགའ་བོ། །དེ་ནས་དེ་བཞིན་གཤེགས་ པ་བྱམས་པས་དགེ་སློང་འོད་སྲུང་གི་ལུས་དགེ་སློང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོ་དེ་དག་ལ་བསྟན་ནས་འདི་སྐད་ཀྱང་བཀའ་སྩལ་ཏོ། །དགེ་སློང་དག་འདི་ནི་བཅོམ་ལྡན་འདས་ཤཱཀྱ་ ཐུབ་པའི་ཉན་ཐོས་ཆེན་པོ་དགེ་སློང་འོད་སྲུང་ཞེས་བྱ་བ་ཡིན་ཏེ། འདི་ནི་སྦྱངས་པའི་ཡོན་ཏན་ལ་གནས་པ་རྣམས་དང། འདོད་པ་ཆུང་བ་རྣམས་དང། ཆོག་ཤེས་པ་རྣམས་དང་ རབ་ཏུ་དབེན་པ་རྣམས་དང། བརྩོན་འགྲུས་བརྩམས་པ་རྣམས་དང་དྲན་པ་ཉེ་བར་བཞག་པ་རྣམས་དང། མཉམ་པར་བཞག་པ་རྣམས་དང། ཤེས་རབ་དང་ལྡན་པ་རྣམས་ ཀྱི་མཆོག་ཡིན་ཏེ། སྤྲོས་པ་མེད་པ་ལ་མོས་ཤིང་སྤྲོས་པ་མེད་པ་ལ་དགའ་བ། སྐྱེ་བོ་མང་པོ་ལ་ཡང་དག་པར་སྟོན་པ། ཡང་དག་པར་འཛིན་དུ་འཇུག་པ། ཡང་དག་པར་ གཟེངས་བསྟོད་པ། ཡང་དག་པར་རབ་ཏུ་དགའ་བར་བྱེད་པ། ཚངས་པ་མཚུངས་པར་སྤྱོད་པ་ལ་ཆོས་འཆད་པས་ངལ་བ་མེད་པའོ། །དགེ་སློང་དག་དགེ་སློང་འོད་སྲུང་ནི་ འཁོར་བཞིའི་ཕ་མ་ལྟ་བུར་གྱུར་པའོ། །རིང་དུ་རྗེས་སུ་ལྟ་བ་ཤིན་ཏུ་རྗེས་སུ་ལྟ་བ། སྐྱེ་བོ་མང་པོ་ལ་རྗེས་སུ་ལྟ་བའོ། །དགེ་སློང་དག་དགེ་སློང་འོད་སྲུང་འདི་སྐྱེ་བོ་མང་པོ་ [127A]༄༅། །ལ་ཕན་པ་དང། སྐྱེ་བོ་མང་པོ་ལ་བདེ་བ་དང། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཞུགས་པ་དང། ལྷ་དང་མི་རྣམས་ཀྱི་དོན་དང། ཕན་པ་དང་བདེ་བའི་ ཕྱིར་ཞུགས་པ་ལ་ལྟོས། ལན་གཉིས་སུའང་དེ་བཞིན་གཤེགས་པ་བྱམས་པ་ཉན་ཐོས་བྱེ་བ་དགུ་བཅུ་རྩ་བཞི་དང་ཐབས་གཅིག་ས་ཕྱོགས་དེར་གཤེགས་པར་འགྱུར་རོ། ། ཀུན་དགའ་བོ། ལན་གསུམ་དུའང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་ཉན་ཐོས་བྱེ་བ་དགུ་བཅུ་རྩ་གཉིས་དང་ཐབས་གཅིག་ ཏུ་དགེ་སློང་འོད་སྲུང་གི་ལུས་ག་ལ་འདུག་པའི་ས་ཕྱོགས་དེར་གཤེགས་ཤིང། ཀུན་དགའ་བོ། དེ་བཞིན་གཤེགས་པ་བྱམས་པ་དེའང་དགེ་སློང་བྱེ་བ་དགུ་བཅུ་རྩ་གཉིས་ པོ་རྣམས་ལ་དགེ་སློང་འོད་སྲུང་གི་ལུས་སྟོན་པར་འགྱུར་རོ། །དགེ་སློང་དག་དགེ་སློང་འོད་སྲུང་ཞེས་བྱ་བ་འདི་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ པའི་ཉན་ཐོས་ཆེན་པོ་སྦྱངས་པའི་ཡོན་ཏན་འཛིན་པ་རྣམས་ཀྱི་མཆོག་འདོད་པ་ཆུང་བ་དང། ཆོག་ཤེས་པ་ནས་སྐྱེ་བོ་མང་པོ་དང་ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་ བའི་ཕྱིར་ཞུགས་པའི་བར་ལ་ལྟོས། ཀུན་དགའ་བོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པས་དེའི་ཚེ་ཕྱག་ [127B]སྲུང་ཆེན་པོའི་མགོ་ལ་ཉུག་པར་འགྱུར་རོ། །བྱུགས་ནས་ཀྱང་དགེ་སློང་གི་དགེ་འདུན་ལ་གཟིགས་པར་འགྱུར་རོ། །གཟིགས་ ནས་འདི་སྐད་བཀའ་སྩལ་ཏོ། །དགེ་སློང་དག་དགེ་སློང་འོད་སྲུང་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་དམ་པའི་ ཆོས་ཇི་ལྟར་ཡོངས་སུ་བཟུང་བ་དེ་ལྟ་བུ་ད་ལྟ་ངའི་དགེ་སློང་གི་དགེ་འདུན་མང་པོ་འདིའི་ནང་ན་ང་ཡོངས་སུ་མྱ་ངན་ལས་འདས་ན་གང་དམ་པའི་ཆོས་འཆད་པའི་དགེ་སློང་ གཅིག་ཀྱང་མེད་དོ་ཞེས་བཀའ་སྩོལ་བར་འགྱུར་རོ། །ཀུན་དགའ་བོ། དེ་ནས་དགེ་སློང་འོད་སྲུང་འདུས་པ་ཆེན་པོ་གསུམ་པ་དེ་ཉིད་དུ་སྔོན་གྱི་བྱིན་གྱི་རླབས་ཀྱིས་སྟེང་གི་ནམ་ མཁའི་བར་སྣང་ལ་མངོན་པར་འཕགས་ནས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏེ། རང་གི་མེའི་ཁམས་ཀྱིས་རང་གི་ལུས་སྲེག་པར་འགྱུར་ཏེ། བསྲེགས་པ་དེའི་སོལ་བའང་ མི་སྣང། ཐལ་བའང་མི་སྣང་བར་འགྱུར་རོ། །ཀུན་དགའ་བོ། །དེ་ནས་དེ་བཞིན་གཤེགས་པ་བྱམས་པ་དེའི་ཚེ་དགེ་སློང་འོད་སྲུང་ལས་བརྩམས་ནས་ཅི་ནས་ཀྱང་སྲོག་ཆགས་ བརྒྱ་ཕྲག་མང་པོ་དང། སྲོག་ཆགས་སྟོང་ཕྲག་མང་པོ་དང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དང། ལྷ་དང་མིར་བཅས་པའི་སྐྱེ་དགུ་དུལ་བར་འགྱུར་བ་དེ་ལྟ་ [128A]༄༅། །དེ་ལྟར་དགེ་སློང་བྱེ་བ་དགུ་བཅུ་རྩ་དྲུག་པོ་དེ་དག་ལ་ཆོས་སྟོན་པར་འགྱུར་རོ། །ཀུན་དགའ་བོ། དགེ་སློང་འོད་སྲུང་ཇི་ལྟར་སྐྱེ་བོ་མང་པོ་ལ་ཕན་པའི་ ཕྱིར་ཞུགས་པ་ལ་ལྟོས། །ཀུན་དགའ་བོ་ཁྱོད་ཀྱང་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་སོ། །འཇུག་པར་ཡང་འགྱུར་རོ་།ཀུན་དགའ་བོ། །དེ་ལྟར་ན་དགེ་སློང་ འོད་སྲུང་དང། ཁྱོད་གཉིས་ལོ་བཞི་བཅུ་ལྷག་ཙམ་དུ་ངའི་དམ་པའི་ཆོས་འདི་འཛིན་པར་འགྱུར། ཆོ་འཕྲུལ་དང་བཅས་པའི་ཚངས་པར་སྤྱོད་པ་ལྷ་དང་མི་རྣམས་ལ་རྒྱ་ཆེ་ ཞིང་ཡངས་པར་གྱུར་པ་སྤྱོད་པར་འགྱུར་རོ། །འོད་སྲུང་གི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ་ ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་ཅིག་ཅེས་བྱ་བ་ནས། རྒྱས་པར་ཀུན་དགའ་བོ་ཁྱོད་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པར་གྱུར་པ། ལྷ་དང་མི་རྣམས་ལ་རྒྱ་ཆེ་ཞིང་ ཡངས་པ་དང། ཡང་དག་པར་མནོས་པ་སྤྱོད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །ཀུན་དགའ་བོ། །ང་འདས་ཤིང་ང་ཡོངས་སུ་མྱ་ངན་ལས་འདས་ནས་གྲོང་ཁྱེར་བཅོམ་ བརླག་ན་རི་སྤོ་དང་ངོས་ཆེ་བ་ཞེས་བྱ་བ་ཡོད་པར་འགྱུར་རོ་།དེ་ན་དགེ་འདུན་གྱི་ཀུན་དགའ་ར་བ་འདམ་བུ་ཅན་ཞེས་བྱ་བ་ཞིག་ཡོད་པར་འགྱུར་ཏེ། དེ་ན་ཡུལ་སླན་པ་ཞེས་ [128B] མཐུ་ཆེ་བ། གསལ་བ་དུལ་བ། འཇིགས་པ་མེད་པ། མང་དུ་ཐོས་པ། མདོ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། ཡང་དག་པར་སྟོན་པ་ ཡང་དག་པར་འཛིན་དུ་འཇུག་པ། ཡང་དག་པར་གཟེངས་བསྟོད་པ། ཡང་དག་པར་རབ་ཏུ་དགའ་བར་བྱེད་པ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཆོས་འཆད་པས་ངལ་བ་ མེད་པ་ཞིག་འབྱུང་བར་འགྱུར་ཏེ། དེའང་ཚངས་པར་སྤྱོད་པ་འདི་ཆོ་འཕྲུལ་དང་བཅས་པ་དང། ལྷ་དང་མི་རྣམས་ལ་རྒྱ་ཆེ་ཞིང་ཡངས་པར་བྱེད་པར་འགྱུར་གྱི། ཀུན་དགའ་ བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་ཀུན་དགའ་བོ་ང་འདས་ནས་རི་སྤོ་དང་ངོས་ཆེ་བ་དེ་ཉིད་ན་དགེ་འདུན་གྱི་ཀུན་དགའ་ར་བ་འདམ་བུ་ཅན་ཞེས་བྱ་བ་དེ་ཉིད་ ན་དགེ་སློང་དགའ་བ་ཅན་ཞེས་བྱ་བ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཆོས་འཆད་པས་ངལ་བ་མེད་ཅེས་བྱ་བའི་བར་དང་ལྡན་པ་ ཞིག་འབྱུང་བར་འགྱུར་ཏེ། དེའང་ངའི་བསྟན་པ་འདི་ཡངས་ཤིང་རྒྱས་པ་དང་ལྷ་དང་མིས་ཡང་དག་པར་མནོས་པར་བྱེད་པར་འགྱུར་གྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་ སྨྲེ་སྔགས་མ་འདོན་ཅིག་ཀུན་དགའ་བོ། །ང་འདས་ནས་རི་སྤོ་དང་ངོས་ཆེ་བ་དེ་ཉིད་ན་རི་ཨུ་ཤི་ར་ཞེས་བྱ་བ་ཡོད་པར་འགྱུར་རོ་།དེར་དགེ་སློང་བཞི་ཁྲི་བཞི་སྟོང་འདུས་པར་ [129A]༄༅། །འགྱུར་ཏེ། ཐམས་ཅད་ཀྱང་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ། དབང་ཆེ་བར་གྲགས་པ། གསལ་བ། དུལ་བ། འཇིགས་པ་མེད་པ་མང་དུ་ཐོས་པ། མདོ་ འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། སྐྱེ་བོ་མང་པོ་ལ་ཡང་དག་པར་སྟོན་པ། ཡང་དག་པར་འཛིན་དུ་འཇུག་པ། ཡང་དག་པར་གཟེངས་བསྟོད་པ། ཡང་དག་པར་ རབ་ཏུ་དགའ་བར་བྱེད་པ་ཤ་སྟག་སྟེ། དེ་དག་ཀྱང་ཚངས་པར་སྤྱོད་པ་ཆོ་འཕྲུལ་དང་བཅས་པ་འདི་རྒྱས་པར་བྱེད་དེ། ལྷ་དང་མི་རྣམས་ལ་རྒྱ་ཆེ་ཞིང་ཡང་པར་བྱེད་པར་ འགྱུར་རོ། །ཀུན་དགའ་བོ། ངའི་ཚངས་པར་སྤྱོད་པ་རྒྱས་པར་འགྱུར་གྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་།ཀུན་དགའ་བོ། ང་འདས་ ནས་རི་སྤོ་དང་ངོས་ཆེ་བ་དེ་ཉིད་ན་དགེ་སློང་ཉེ་སྦས་ཞེས་བྱ་བ་འབྱུང་བར་འགྱུར་ཏེ། རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་ནས་དེའང་ཚངས་པར་སྤྱོད་པ་ཆོ་འཕྲུལ་དང་བཅས་ པ་འདི་ཡངས་ཤིང་རྒྱས་པ་དང། ལྷ་དང་མི་རྣམས་ཀྱིས་ཡང་དག་པར་མནོས་པར་བྱེད་པར་འགྱུར་བའི་བར་དུའོ། །དེར་ཡང་ངའི་དགྲ་བཅོམ་པ་མང་པོ་འདུས་པར་ འགྱུར་ཏེ། དགེ་སློང་གསོ་སྦྱོང་གི་ལས་གཅིག་པ། ང་རྒྱལ་མེད་པ་ཀུན་ཤེས་པ། བརྡ་སྤྲོད་པ། བརྒྱད་ཁྲི་བརྒྱད་སྟོང་འབྱུང་བར་འགྱུར་རོ། །དེ་དག་ཀྱང་ངའི་ཚངས་ [129B]ལྷ་དང་མི་རྣམས་ལ་ཡངས་ཤིང་རྒྱ་ཆེ་བར་བྱེད་པར་འགྱུར་གྱི་ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ ཅིག་ཀུན་དགའ་བོ། དགེ་སློང་ཉེ་སྦས་ངའི་ཚངས་པར་སྤྱོད་པའང་ཡངས་ཤིང་རྒྱ་ཆེ་བར་སྤྱོད་ཅིང་ལྷ་དང་མི་རྣམས་ལ་ཡང་དག་པར་སྟོན་པར་འགྱུར་རོ། །ཀུན་དགའ་བོ། ང་འདས་ ནས་གྲོང་ཁྱེར་སྐྱ་སྣར་གྱི་བུ་ཞེས་བྱ་བ་ན་དགེ་འདུན་གྱི་ཀུན་དགའ་ར་བ་ལམ་ཞེས་བྱ་བ་ཡོད་པར་འགྱུར་ཏེ། དེར་དགེ་སློང་རྟ་སྦས་ཞེས་བྱ་བ་འབྱུང་སྟེ། རིག་པ་གསུམ་དང་ལྡན་ པ༑ མངོན་པར་ཤེས་པ་དྲུག་དང་ལྡན་པ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ། རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་ནས་དེའང་ ཚངས་པར་སྤྱོད་པ་འདི་ཡངས་ཤིང་རྒྱས་པར་བྱེད་པར་འགྱུར་ཞེས་བྱ་བའི་བར་དུ་རྒྱ་ཆེར་ཐམས་ཅད་དུ་སྦྱར་རོ། །ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ ཅིག་ཀུན་དགའ་བོ། ང་འདས་ནས་དེ་ཉིད་དུ་བྱ་གག་གི་ཀུན་དགའ་ར་བར་དགེ་སློང་བླ་མ་ཞེས་བྱ་བ་འབྱུང་སྟེ། རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་ཞེས་བྱ་བ་ནས། དེའང་ བསྟན་པ་འདི་ཆོ་འཕྲུལ་དང་བཅས་པར་བྱེད་ཅིང་ལྷ་དང་མི་རྣམས་ལ་སོ་སོར་ཡངས་ཤིང་རྒྱས་པར་བྱེད་པར་འགྱུར་གྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་ [130A]༄༅། །མ་འདོན་ཅིག་དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། ངའི་ཚངས་པར་སྤྱོད་པ་རྒྱས་པ་དང། ལྷ་དང་མི་རྣམས་ལ་ཡངས་ཤིང་རྒྱ་ཆེ་བར་འགྱུར་ བའི་ཕྱིར་རོ། །ཀུན་དགའ་བོ། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡུལ་ཡན་ལག་ཅེས་བྱ་བ་དེ་ན་ཉན་ཐོས་རྣམས་ལ་ལོ་ལྔའི་དུས་སྟོན་བྱེད་པར་འགྱུར་རོ། །དེར་དགྲ་ བཅོམ་པ་ཁྲི་སུམ་སྟོང་འདུས་པར་འགྱུར་ཏེ། ཐམས་ཅད་ཀྱང་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་དབང་ཆེ་བར་གྲགས་པ་ནས་རྒྱ་ཆེར་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཆོས་ འཆད་པས་ངལ་བ་མེད་པ་ཤ་སྟག་གི་བར་དུའོ། །དེ་ན་དགེ་འདུན་གྱི་གནས་བརྟན་དད་ལྡན་དྲུག་པ་ཞེས་བྱ་བ་ཞིག་ཡོད་པར་འགྱུར་ཏེ། རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ། དབང་ ཆེ་བར་གྲགས་པ་ནས་རྒྱ་ཆེར་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཆོས་འཆད་པས་ངལ་བ་མེད་པའི་བར་དུ་སྟེ། དེའང་ངའི་ཚངས་པར་སྤྱོད་པ་ཆོ་འཕྲུལ་དང་བཅས་ པ་ལྷ་དང་མི་རྣམས་ལ་རྒྱས་པར་བྱེད་པར་འགྱུར་གྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་ཀུན་དགའ་བོ། ང་འདས་ནས་གྲོང་ཁྱེར་གསེར་གྱི་བྲེ་ ཞེས་བྱ་བ་ན་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བར་དགེ་སློང་མཁས་པ་ཞེས་བྱ་བ་དང། ཡང་དག་པར་རྒྱལ་བ་ཅན་ཞེས་བྱ་བ་གཉིས་སུ་འབྱུང་སྟེ། རྫུ་འཕྲུལ་ཆེ་བ་མཐུ་ཆེ་ [130B] དབང་ཆེ་བར་གྲགས་པ་ནས་དེ་གཉིས་ཀྱང་ཚངས་པར་སྤྱོད་པ་ཆོ་འཕྲུལ་དང་བཅས་པ་འདི་རྒྱས་པའི་བར་དུ་བྱེད་པར་འགྱུར་གྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་ མ་འདོན་ཅིག་ཀུན་དགའ་བོ། ང་འདས་ནས་གྲོང་ཁྱེར་གནས་བཅས་ཞེས་བྱ་བ་ན་དགེ་སློང་བརྩོན་འགྲུས་ཆེ་ཞེས་བྱ་བ་འབྱུང་སྟེ། རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་དེའང་ཚངས་པར་ སྤྱོད་པ་འདི་ལྷ་དང་མི་རྣམས་ལ་ཆོ་འཕྲུལ་དང་བཅས་པར་བྱེད་པར་འགྱུར་གྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་ཀུན་དགའ་བོ། ང་འདས་ནས་མ་འོངས་ པའི་དུས་ན་དགེ་སློང་ཉི་མའི་གུང་ཞེས་བྱ་བ་འབྱུང་སྟེ། ཀུན་དགའ་བོ། དགེ་སློང་ཉི་མའི་གུང་དེའང་ངའི་ཆོས་འདུལ་བ་འདི་རྒྱས་པར་བྱེད་ཅིང་ལྷ་དང་མི་རྣམས་ལ་ཆོ་འཕྲུལ་ དང་བཅས་པ་དང་ཡངས་ཤིང་རྒྱ་ཆེ་བར་བྱེད་པར་འགྱུར་གྱི་ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་ཀུན་དགའ་བོ། ང་འདས་ནས་བྱང་ཕྱོགས་ཀྱི་ རྒྱུད་ན་ཡུལ་སྤོས་འཛིན་ཞེས་བྱ་བ་ན་དགེ་སློང་འོད་སྲུང་ཞེས་གབྱ་བ་འབྱུང་སྟེ། རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ། དབང་ཆེ་བར་གྲགས་པ། གསལ་བ་འཇིགས་པ་མེད་པ། མང་ དུ་ཐོས་པ། འདུལ་བ་འཛིན་པ། མདོ་འཛིན་པ། མ་མོ་འཛིན་པ། ཡང་དག་པར་སྟོན་པ། ཡང་དག་པར་འཛིན་དུ་འཇུག་པ། ཡང་དག་པར་གཟེངས་བསྟོན་པ། ཡང་དག་པ་ [131A]༄༅། །རབ་ཏུ་དགའ་བར་བྱེད་པ་ནས་དེའང་ངའི་བསྟན་པ་རྒྱས་པར་བྱེད་པའི་བར་དུ་འགྱུར་གྱི། །ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་ ཀུན་དགའ་བོ། །ང་འདས་ནས་བྱང་ཕྱོགས་ཀྱི་རྒྱུད་ན་གྲོང་ཁྱེར་རྡོ་འཇོག་ཅེས་བྱ་བ་ཕྱོགས་དང་ཕྱོགས་མཚམས་སུ་སྒྲ་གྲག་པ་ཡོད་པར་འགྱུར་ཏེ། དེ་ན་ཁྱིམ་བདག་རལ་པ་ ཅན་ཞེས་བྱ་བ་ཕྱུག་པ། ནོར་ཆེ་བ། ལོངས་སྤྱོད་ཆེ་བ། བསོད་ནམས་དང་ལྡན་པ། ཤེས་རབ་དང་ལྡན་པ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་ པ༑ ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། དད་པ་ཅན་དང་བ་ཅན་ཞིག་འབྱུང་སྟེ། དེ་ངའི་ལུས་དང་ཉན་ཐོས་རྣམས་ལ་བསྟི་སྟང་དུ་བྱེད་པ་དང། བླ་མར་ བྱེད་པ་དང། རིམ་གྲོར་བྱེད་པ་དང། མཆོད་པ་དང་བརྗེད་པ་ལ་སྤྲོ་བར་འགྱུར་ཏེ། རིམ་གྱིས་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བ་ནས་མ་འོངས་པའི་དུས་ན་ བསྐལ་བ་སྟོང་རྫོགས་པ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ་བསྐལ་པ་བཟང་བྱེད་ཅེས་བྱ་བ་ལ་བཀོད་ པ་ཆེན་པོས་ལེགས་པར་བརྒྱན་པའི་འཇིག་རྟེན་གྱི་ཁམས་སུ་ཀུན་ཏུ་སྣང་བ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །ཀུན་དགའ་བོ། །ཁྱིམ་བདག་རལ་པ་ཅན་ [131B]བྱེད་པར་འགྱུར་གྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་ཀུན་དགའ་བོ། །ང་འདས་ནས་བྱང་ཕྱོགས་ ཀྱི་རྒྱུད་ན་རྒྱལ་པོའི་ཕོ་བྲང་འབྱོར་པ་རྒྱས་པ། བདེ་བ་ལོ་ལེགས་པ། སྐྱེ་བོ་མང་པོ་དང་མིས་གང་བ་རྒྱས་ལྡན་ཞེས་བྱ་བ་ཡོད་པར་འགྱུར་ཏེ། དེ་ན་བྲམ་ཟེ་དང་ཁྱིམ་བདག་རྣམས་ ངའི་བསྟན་པ་འདི་ལ་དད་ཅིང་སེམས་དང་བར་འགྱུར་རོ། །ཀུན་དགའ་བོ། །དེ་དག་ཀྱང་ང་མྱ་ངན་ལས་འདས་པའི་ལུས་དང་ཉན་ཐོས་རྣམས་ལ་བསྟི་སྟང་དུ་བྱ་བ་དང། བླ་མར་བྱ་བ་ དང། རིམ་གྲོར་བྱ་བ་དང། མཆོད་པ་དང་བརྗེད་པ་དང། རི་མོར་བྱ་བ་ལ་སྤྲོ་བར་འགྱུར་རོ། །དེར་ཡང་ངའི་ཉན་ཐོས་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ། དབང་ཆེ་བར་གྲགས་པ་བརྒྱ་ཕྲག་མང་པོ་འདུས་ པར་འགྱུར་ཏེ་རྒྱ་ཆེར་སྦྱར་རོ། །ཀུན་དགའ་བོ། དེ་ན་འཁོད་པའི་ཁྱིམ་པ་རྣམས་ཀྱང་ཕལ་ཆེན་གསལ་བ། དུལ་བ། འཇིགས་པ་མེད་པ་མང་དུ་ཐོས་པ། ཐོས་པ་གསོག་ པ༑ མཁས་པ་ཤེས་རབ་ཆེ་བ་ཤ་སྟག་གོ་ཀུན་དགའ་བོ། རྒྱལ་པོའི་ཕོ་བྲང་རྒྱས་ལྡན་དེ་ན་ཁྱིམ་པ་གང་དག་འཆི་བའི་དུས་བྱེད་པ་དེ་དག་འཆི་བའི་དུས་བྱས་མ་ཐག་ཏུ་ ཕལ་ཆེར་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་བར་འགྱུར་རོ། །རབ་ཏུ་བྱུང་བ་གང་དག་འཆི་བའི་དུས་བྱེད་པ་དེ་དག་ནི་ཕལ་ཆེར་ལོག་པར་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་ [132A]༄༅། །འདི་ལྟར་དེ་དག་ཡོ་བྱད་བསྙུངས་པ་ལ་མི་གནས་ཤིང་སྡོམ་པ་ལ་མི་གནས་པའི་ཕྱིར་རོ། །ཀུན་དགའ་བོ། །རྒྱལ་པོའི་ཕོ་བྲང་རྒྱས་ལྡན་ན་དམ་པའི་ ཆོས་གནས་བཞིན་དུ་བྲམ་ཟེ་དང་ཁྱིམ་བདག་གང་དག་འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ནུབ་བོ་སྙམ་དུ་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་ དགའ་བོ། །འདི་ལྟར་དེའི་ཚེ་ན་དགེ་སློང་ཕལ་ཆེར་ལྷོད་པ་དང་ཡོ་བྱད་མང་བ་དང། སྤོང་བ་ལས་ཉམས་པ་དང། ལྡོག་པ་ལ་ཐོག་མར་འགྲོ་བ་དང། རབ་ཏུ་དབེན་ བ་ལ་བརྩོན་པ་བོར་བ་དང། འཁོར་བཞི་པོ་དག་དང་འདྲེ་བ་དང་ཚུལ་ཉམས་པ་དང། ཚུལ་ཁྲིམས་འཆལ་པར་འགྱུར་ཏེ། དེ་དག་བྲམ་ཟེ་དང་ཁྱིམ་པ་རྣམས་དང་ ལྷན་ཅིག་ཏུ་ཚུལ་ཉམས་ཤིང་ཚིགས་ལས་འདས་པ་དང། གཅིག་ལ་གཅིག་མི་གུས་པར་མེ་ཏོག་དང། འབྲས་བུ་དང། བཟའ་བ་དང། བཅའ་བ་དག་སྦྱིན་པ་ དང༑ རབ་ཏུ་སྦྱིན་པར་བྱེད་པ་ལ་མངོན་པར་དགའ་ཞིང་མ་བསྡམས་པར་འགྱུར་རོ། །དེ་དག་ཀྱང་བུ་དང་ཆུང་མ་སྤྱོད་པར་བྱེད་དེ་དེ་དག་གིས་དེ་མཐོང་ཞིང་ ཐོས་ནས་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ནུབ་པར་མི་འགྱུར་གྲང་སྙམ་ནས་རབ་ཏུ་འཇིགས་པ་དང། སྐྲག་པ་དང། མི་དགའ་བར་འགྱུར་རོ། །དེའི་ཚེའང་ [132B]ཞེས་བྱ་བ་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ། དབང་ཆེ་བར་གྲགས་པ། གསལ་བ། འཇིགས་པ་མེད་པ། མང་དུ་ཐོས་པ་ ཐོས་པ། ངེས་པར་བྱེད་པ་ལ་མཁས་པ་ཞིག་འབྱུང་སྟེ། དེར་བྲམ་ཟེ་དང་ཁྱིམ་བདག་དེ་རྣམས་དགའ་བར་བྱ་བའི་ཕྱིར་རྫུ་འཕྲུལ་གྱིས་ནམ་མཁའ་ལ་མངོན་པར་འཕགས་ནས་བྲམ་ ཟེ་དང་ཁྱིམ་བདག་རྣམས་ལ་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་འཇུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱེད་ཅིང་ཚིག་འདི་སྐད་ཀྱང་སྨྲ་ བར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་རྣམས་མ་འཇིགས་ཤིག་དོགས་པ་མ་སྐྱེད་ཅིག་ཐེ་ཚོམ་མ་སྐྱེད་ཅིག་ཡིད་གཉིས་མ་ཟ་ཞིག་།བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེའི་དམ་པའི་ཆོས་ ད་དུང་གནས་ཤིང་མ་ནུབ་ཀྱི། ཁྱེད་མ་ཐོབ་པ་ཐོབ་པར་བྱ་བ་དང། མ་རྟོགས་པ་རྟོགས་པར་བྱ་བ་དང། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་སྦྱོར་བ་གྱིས་ཤིག་ རྩོལ་བ་གྱིས་ཤིག་འབད་པ་གྱིས་ཤིག། ད་དུང་འཕགས་པའི་ཆོས་ཐོབ་པར་བྱ་སླའོ། །དེ་ནས་བྲམ་ཟེ་དང་ཁྱིམ་བདག་དེ་རྣམས་ཚིམ་ཞིང་མགུ་སྟེ་ཡི་རང་ཞིང་རབ་ཏུ་དགའ་ ལ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་སྦྱིན་བ་དག་སྦྱིན། བསོད་ནམས་དག་བྱེད་ཅིང་ངའི་རིང་བསྲེལ་ལ་རིམ་གྲོར་བྱ་བ་ནས་བརྗེད་པ་དང་མངོན་པར་མཆོད་པར་བྱ་བའི་ཕྱིར་ [133A]༄༅། །སྤྲོ་བ་སྐྱེ་བར་འགྱུར་ཞིང་ཐོས་པ་དང། ཚུལ་ཁྲིམས་དང། སྤོང་བ་ལའང་བརྩོན་པར་འགྱུར་རོ། །དེ་ལྟར་ཁྱིམ་བདག་ཆོས་འཕེལ་གྱིས་བྲམ་ཟེ་དང་ཁྱིམ་ བདག་རྣམས་དགའ་བར་བྱས་པས་ཕལ་ཆེར་མཐོ་རིས་དང་ཐར་པར་འགྲོ་བར་འགྱུར་རོ། །ཀུན་དགའ་བོ། །ཁྱིམ་བདག་ཆོས་འཕེལ་དེའང་ངའི་བསྟན་པ་འདི་རྒྱ་ཆེར་རྒྱས་པར་ བྱེད་པར་འགྱུར་རོ། །ཀུན་དགའ་བོ། དེ་ལྟར་ང་འདས་ནས་ངའི་བསྟན་པ་འདི་ལ་སེམས་དང་ཞིང་མངོན་པར་དགའ་བ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་ རྩ་བ་བསྐྱེད་པ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པའི་ཁྱིམ་བདག་ཀྱང་མང་དུ་འབྱུང་བར་འགྱུར་རོ། །དེ་དག་ཀྱང་ངའི་ ལུས་དང་ཉན་ཐོས་རྣམས་ལ་རིམ་གྲོར་བྱ་བ་དང་བླ་མར་བྱ་བ་དང། བསྟི་སྟང་དུ་བྱ་བ་དང། མཆོད་པར་བྱ་བ་དང། བརྗེད་པར་བྱ་བ་དང། མངོན་པར་མཆོད་པར་བྱ་ བའི་ཕྱིར་སྤྲོ་བར་འགྱུར་ཏེ། ཀུན་དགའ་བོ། དེ་དག་ཀྱང་ངའི་བསྟན་པ་འདི་རྒྱས་པར་བྱེད་ཅིང་ལྷ་དང་མི་རྣམས་ཀྱིས་མནོས་པར་བྱེད་པར་འགྱུར་རོ། །ཀུན་དགའ་བོ། ང་ འདས་ནས་མ་འོངས་པའི་དུས་ན་བྱང་ཕྱོགས་ཀྱི་རྒྱུད་དུ་དགེ་སློང་འཚོ་བྱེད་ཅེས་བྱ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བསྐུར་བྱས་ [133B] དགེ་བའི་རྩ་བ་བསྐྱེད་པ། ལྷག་པའི་བསམ་པ་བསྐྱེད་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ། མང་དུ་ཐོས་པ། བྱང་ ཆུབ་སེམས་དཔའི་སྡེ་སྣོད་འཛིན་པ། ཐེག་པ་ཆེན་པོའི་བསྔགས་པ་བརྗོད་པ། ཐེག་པ་ཆེན་པོ་ཡང་དག་པར་རབ་ཏུ་སྟོན་པ་ཞིག་འབྱུང་བར་འགྱུར་ཏེ། དེ་ངའི་སྐུ་གདུང་གི་མཆོད་ རྟེན་ཞིག་ཅིང་རལ་བ་མཐོང་ནས་གསེར་གྱིས་བརྒྱན་པར་བྱེད་ཅིང་གདུགས་དང། རྒྱལ་མཚན་དང། བ་དན་དང། དར་དང། དྲིལ་བུ་གཡེར་ཁའི་དྲ་བ་གཡོག་པ་དང། དེ་བཞིན་ གཤེགས་པའི་སྐུ་གཟུགས་དང། མཆོད་རྟེན་གྱི་ཁང་པ་དང། མཆོད་རྟེན་རྣམས་སེང་གེའི་རྒྱལ་མཚན་གྱིས་བརྒྱན་ཏེ། ལྷ་དང་མི་རྣམས་དགའ་བ་སྐྱེ་ཞིང་དེ་ཡོངས་སུ་བསྐྱང་ པ་དང། ངའི་བསྟན་པ་ཡོངས་སུང་སྐྱང་བ་དང། སེམས་མ་དད་པ་རྣམས་དད་པར་བྱ་བ་དང། དད་པ་རྣམས་ཕྱིར་ཞིང་འཕེལ་བ་དང། སྐྱེ་བོ་མང་པོའི་དགེ་བའི་རྩ་བའི་ཚོགས་བསགས་པའི་ ཕྱིར་ལོ་ལྔ་པ་བྱེད་དུ་འཇུག་པར་འགྱུར་རོ། །ཀུན་དགའ་བོ། དེའི་ཚེ་ན་དགེ་སློང་མི་བརྩོན་པ། ལྷོད་པ། ཡོ་བྱད་མང་བ། སྤོང་བ་ལས་ཉམས་པ། ཚུལ་ཉམས་པ། ཚུལ་ཁྲིམས་ འཆལ་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ། འདུ་འཛི་ལ་དགའ་བ་རབ་ཏུ་དབེན་པ་ལ་མི་ལྟ་བ། བརྩོན་པ་བོར་བ། གནས་གཅིག་ན་འཁོད་པ། ཡོངས་སུ་འཛིན་པ་ལ་ [134A]༄༅། །བརྩོན་པ། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་འདྲེས་པ། དཀོན་མཆོག་གསུམ་དང་མ་འདྲེས་པ། མ་གུས་པ་དགེ་སྦྱོང་ལྟར་བཅོས་པ་དག་ནི་མང་ དུ་འབྱུང་བར་འགྱུར་རོ། །དེ་ན་དགེ་སློང་བརྩོན་འགྲུས་བརྩམས་པ་རབ་ཏུ་དབེན་པ། དྲན་པ་ཉེ་བར་གཞག་པ། མཉམ་པར་གཞག་པ་ཤེས་རབ་དང་ལྡན་པ། སེམས་ རྩེ་གཅིག་པ་དགེ་བའི་ཆོས་ཅན། འདོད་པ་ཆུང་བ། ཆོག་ཤེས་པ་བསོད་སྙོམས་ལ་རྒྱུ་བ། འཕགས་པའི་རིགས་ལ་གནས་པ། མང་དུ་ཐོས་པ། ཐོས་པ་བསགས་ པ་དག་ནི་ཉུང་དུ་འབྱུང་བར་འགྱུར་ཏེ། དེ་ལ་དགེ་སློང་འཚོ་བྱེད་ཁོང་ཁྲོ་བའི་སེམས་མེད་པ་དང། དབང་པོ་མ་ཉམས་པ་དང། དད་པ་དང་དང་བ་མཆོག་དང་ལྡན་ པས་གོས་ངུར་སྨྲིག་བགོས་ཤིང་ཚུལ་ཁྲིམས་དང་ལྡན་པའི་འདུ་ཤེས་ཅན་ཐམས་ཅད་ལ་སྦྱིན་གནས་སུ་འདུ་ཤེས་བསྐྱེད་ནས་སྦྱིན་པ་སྦྱིན། དགེ་བའི་རྩ་བསྐྱེད་པར་ བྱེད་དེ། དེ་བྱང་ཆུབ་སེམས་དཔའ་བྱེད་པའི་དགེ་བའི་རྩ་བ་རྒྱ་ཆེན་པོ་རྣམ་པ་སྣ་ཚོགས་བསགས་ནས་འཆི་བའི་དུས་བྱས་དུས་བྱས་མ་ཐག་ཏུ་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ ཞིང་བྱེ་བ་བརྒྱ་སྟོང་འདས་པ་ན་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། འཇིག་རྟེན་གྱི་ [134B]བཞིན་གཤེགས་པ་འོད་དྲི་མ་མེད་པ་ཞེས་བྱ་བར་འགྱུར་རོ། །ཀུན་དགའ་བོ། དགེ་སློང་འཚོ་བྱེད་དེའང་ངའི་བསྟན་པ་ འདི་ཡངས་ཤིང་རྒྱས་པར་བྱེད་པར་འགྱུར་གྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་ཀུན་དགའ་བོ། ངའི་ཚངས་པར་སྤྱོད་པ་རྒྱས་པ་དང་ལྷ་དང་ མི་རྣམས་ཀྱིས་མནོས་པར་འགྱུར་རོ། །ཀུན་དགའ་བོ། །ང་འདས་ནས་མ་འོངས་པའི་དུས་ན་མཐའ་འཁོབ་ཀྱི་ཡུལ་ནགས་ཀྱི་ས་ན་རྒྱལ་པོའི་ཕོ་བྲང་ཞི་བ་ཞེས་བྱ་བ་ཞིག་ ཡོད་པར་འགྱུར་ཏེ། དེ་ན་རྒྱལ་པོ་མེས་སྦྱིན་ཞེས་བྱ་བ་དད་པ་དང་ལྡན་པ་དང་བ་ཞིག་འབྱུང་སྟེ། དེ་ངའི་སྐུ་གདུང་དང་ཉན་ཐོས་རྣམས་ལ་བསྟི་སྟང་དུ་བྱ་བ་དང། བླ་མར་ བྱ་བ་ནས་བརྗོད་པར་བྱ་བའི་བར་ལ་སྤྲོ་བར་འགྱུར་རོ། །ཀུན་དགའ་བོ། རྒྱལ་པོ་མེས་སྦྱིན་དེའང་རྒྱལ་པོའི་ཕོ་བྲང་ཞི་བ་དེར་ངའི་ཉན་ཐོས་རྣམས་བསྡུས་ནས་དང་བར་བྱེད་ པར་འགྱུར་རོ། །དེར་དགྲ་བཅོམ་པ་སུམ་སྟོང་ལྷག་ཙམ་འདུས་པར་འགྱུར་ཏེ། ཐམས་ཅད་ཀྱང་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ། དབང་ཆེ་བར་གྲགས་པ་ནས་ཚངས་པ་ མཚུངས་པར་སྤྱོད་པ་རྣམས་ལ་ཆོས་འཆད་པས་ངལ་བ་མེད་པ་ཤ་སྟག་གོ། །ཀུན་དགའ་བོ། དེ་དག་ཀྱང་ངའི་བསྟན་པ་རྒྱས་པར་བྱེད་དེ། ལྷ་དང་མི་རྣམས་ལ་ཡང་ [135A]༄༅། །ཤིང་རྒྱ་ཆེ་བར་བྱེད་པར་འགྱུར་གྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་ཀུན་དགའ་བོ། ང་འདས་ནས་བྱང་ཕྱོགས་ཀྱི་ རྒྱུད་ན་གྲོང་ཁྱེར་ཤིང་ཀུན་སྐྱེ་བ་ཞེས་བྱ་བ་ཞིག་ཡོད་པར་འགྱུར་ཏེ། དེར་ངའི་མཆེ་བ་ལ་མེ་ཏོག་དང། ཕྲེང་བ་དང། སྤོས་དང། བྱུང་པ་དང། སིལ་སྙན་དང། གདུགས་ དང༑ རྒྱལ་མཚན་དང། བ་དན་དང། རྣམ་པར་རྒྱལ་བའི་བ་དན་ལ་སོགས་པ་དང། གོས་དང། དངུལ་དང། གསེར་དང། རིན་པོ་ཆེ་རྣམས་ཀྱིས་བསྟི་སྟང་བྱེད། བླ་ མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་པར་འགྱུར་རོ། །ཀུན་དགའ་བོ། ངའི་མཆོད་རྟེན་ཡང་གསེར་གྱིས་བརྒྱན་པར་འགྱུར་རོ། །ཀུན་དགའ་བོ། །ས་ཕྱོགས་དེར་ རབ་ཏུ་བྱུང་བའི་སྐྱེ་བོ་མང་པོ་འབྱུང་བར་འགྱུར་རོ། །སྐྱེ་བོ་མང་པོ་ཚུལ་ཁྲིམས་དང་ལྡན་པ་དང། དགེ་བའི་ཆོས་དང་ལྡན་པ་རྣམས་དང། དགེ་སློང་གི་ཚོགས་བརྒྱ་ སྟོང་དུ་མ་འབྱུང་བར་འགྱུར་རོ། །ཀུན་དགའ་བོ། དེ་ན་ཁྱིམ་པ་ཚུལ་ཁྲིམས་དང་ལྡན་པ། མང་དུ་ཐོས་པ། མཁས་པ་ཡིད་གཞུངས་པ། ངའི་བསྟན་པ་འདི་ལ་དད་པ་ དང་དང་བ་དག་ཀྱང་མང་དུ་འབྱུང་སྟེ། དེ་དག་ངའི་སྐུ་གདུང་དང་ཉན་ཐོས་རྣམས་ལ་བསྟི་སྟང་དུ་བྱ་བ་དང། བླ་མར་བྱ་བ་དང། རིམ་གྲོར་བྱ་བ་དང། མཆོད་པར་བྱ་ [135B] བརྗེད་པར་བྱ་བ་དང། མངོན་པར་མཆོད་པར་བྱ་བའི་ཕྱིར་སྤྲོ་བར་འགྱུར་རོ། །དེ་དག་ངའི་དཀོན་མཆོག་གསུམ་ཡོངས་སུ་བཟུང་སྟེ། དགེ་བའི་རྩ་བ་དེས་ལྷ་དང་མིའི་ཕུན་ སུམ་ཚོགས་པ་མྱོང་ནས་ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། ཁ་ཅིག་ནི་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ ངན་ལས་འདས། །ཁ་ཅིག་ནི་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། ཀུན་དགའ་བོ། དེ་ལྟར་ན་དེ་དག་གི་བསྟི་སྟང་མཐུ་ཆེ་བར་འགྱུར་རོ། །ཀུན་དགའ་ བོ༑ དེ་དག་ཀྱང་ངའི་བསྟན་པ་འདི་རྒྱ་ཆེ་ཞིང་རྒྱས་པར་བྱེད་པར་འགྱུར་བ་དང། ལྷ་དང་མི་རྣམས་ལ་ཡང་ཤིང་ཤིན་ཏུ་རྒྱས་པར་འགྱུར་བ་དང། བཀྲོལ་ཞིང་ཡང་དག་པར་ བསྟན་པར་བྱེད་པར་འགྱུར་གྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་སྨྲེ་སྔགས་མ་འདོན་ཅིག་ཀུན་དགའ་བོ། ངའི་ཚངས་པར་སྤྱོད་པ་རྒྱས་པ་དང་ལྷ་དང་མི་རྣམས་ཀྱིས་ ཡང་དག་པར་མནོས་པར་འགྱུར་རོ། །ཀུན་དགའ་བོ། ཛམྦུའི་གླིང་ཐམས་ཅད་སྐུ་གདུང་གི་མཆོད་རྟེན་དང། དེ་བཞིན་གཤེགས་པའི་སྐུ་གཟུགས་རྣམས་ཀྱིས་ཀྱང་ཀུན་ ཏུ་རྒྱས་པར་འགྱུར་ན། ཀུན་དགའ་བོ་ལྷ་དང། ཀླུ་དང། གནོད་སྦྱིན་དང་དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་གི་གནས་རྣམས་ན་མི་སྣང་བར་གྱུར་བ་རྣམས་ [136A]༄༅། །ཀྱིས་གང་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཀྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་ཀུན་དགའ་བོ། དེ་ལྟར་ན་ངའི་ ཆོས་འདུལ་བ་རྒྱས་པར་འགྱུར་ཞིང་ལྷ་དང་མི་རྣམས་ལ་ཡངས་ཤིང་རྒྱ་ཆེ་བར་འགྱུར་རོ། །དམ་པའི་ཆོས་འཛིན་པའི་ལེའུ་སྟེ་དྲུག་པ་རྫོགས་སོ།། །།ཡང་ དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། །ང་ཡོངས་སུ་མྱ་ངན་ལས་འདས་ནས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ རབ་ཏུ་བྱུང་བའམ། ཁྱིམ་ན་གནས་པ་གང་དག་ཁ་ཅིག་ཐ་ན་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད། །བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ན་ ཀུན་དགའ་བོ། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་ཡོངས་སུ་མྱ་ངན་ལས་འདའ་བར་ང་སྨྲའོ། །ཀུན་དགའ་ བོ། ང་ཡོངས་སུ་མྱ་ངན་ལས་འདས་ནས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཁ་ཅིག་ཐ་ན་ངའི་ཕྱིར་བྱས་པའི་མཆོད་རྟེན་མཐོང་ནས་སེམས་དང་པ་བསྐྱེད་ན་ ཀུན་དགའ་བོ། འདི་ལ་སེམས་དང་བའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུའང་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་ཡོངས་སུ་མྱ་ངན་ལས་འདའ་བར་ [136B]ཀུན་དགའ་བོ། གང་ང་འདུག་པ་ལ་མངོན་སུམ་དུ་བསྟི་སྟང་བྱེད་པ་དང། བླ་མར་བྱེད་པ་ནས་མཆོད་པར་བྱེད་པའི་བར་ལྟ་ཞོག་ གང་ང་ཡོངས་སུ་མྱ་ངན་ལས་འདས་ནས་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད་པ་ལྟའང་ཞོག་ངའི་ཕྱིར་མཆོད་རྟེན་བྱས་པ་ལ་གང་བསྟི་སྟང་བྱེད་པ་ལྟའང་ཞོག་ སྟེ༑ ཀུན་དགའ་བོ། གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འཐོར་ན། ཀུན་དགའ་བོ། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་ འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདའ་བར་ང་སྨྲའོ། །ཀུན་དགའ་བོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱས་པ་རྫུ་འཕྲུལ་ ཇི་ཙམ་དུ་ཆེ་བ་ལ་ལྟོས། གང་ན་སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་མེ་ཏོག་གཅིག་ནམ་མཁའ་ལ་བོར་བས་ཀྱང་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་ན་ ཀུན་དགའ་བོ། གང་དག་དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་བསྟི་སྟང་བྱེད་པའམ། ཡོངས་སུ་མྱ་ངན་ལས་འདས་ནས་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱེད་ པ་ལྟ་ཅི་སྨོས། ཀུན་དགའ་བོ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཡུལ་བསམ་གྱིས་མི་ཁྱབ་བོ། །ཀུན་དགའ་བོ། དེ་བཞིན་གཤེགས་པ་ [137A]༄༅། །བསམ་གྱིས་མི་ཁྱབ་པ་ལ་བསྟི་སྟང་བྱས་ན་རྣམ་པར་སྨིན་པའང་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱའོ། །ཀུན་དགའ་བོ་སངས་རྒྱས་ལ་དམིགས་ པའི་སེམས་ཀྱིས་ནམ་མཁའ་ལ་མེ་ཏོག་གཅིག་བོར་བའི་རྣམ་པར་སྨིན་པ་གལ་ཏེ་ངས་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་བསྟན་ན། ཀུན་དགའ་བོ་ཁྱོད་ཉིད་ཀྱང་ངོ་མཚར་དང་ རྨད་དུ་བྱུང་བར་འཛིན་པ་དང། དགའ་བ་དང། མགུ་བ་དང། རབ་ཏུ་དགའ་བར་གྱུར་ན་མ་འོངས་པའི་དུས་ན་ངའི་བུ་གང་དག་རབ་ཏུ་དད་པ། རབ་ཏུ་གུས་པ། རབ་ཏུ་ དང་པ་རྣམས་དང། གང་དག་སངས་རྒྱས་ཀྱི་ཡོན་ཏན་ལ་རྟོག་ཅིང་སངས་རྒྱས་ཀྱི་ཡེ་ཤེས་དོན་དུ་གཉེར་བར་འགྱུར་བ་དེ་དག་ལྟ་ཅི་སྨོས། དེ་སྐད་ཅེས་བཀའ་སྩལ་ པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སངས་རྒྱས་ལ་དམིགས་ནས་ནམ་མཁའ་ལ་ མེ་ཏོག་གཅིག་བོར་བའི་རྣམ་པར་སྨིན་པ་བཤད་པའི་དུས་ལ་བབ་སྟེ་བཅོམ་ལྡན་འདས། དུས་འདི་ལགས་སོ། །བདེ་བར་གཤེགས་པ། སྐབས་འདི་ལགས་ སོ༑ ༑གང་བཅོམ་ལྡན་འདས་ལས་ཐོས་ནས་དགེ་སློང་རྣམས་ཡང་དག་པ་ཉིད་དུ་འཛིན་པར་འགྱུར་བ་དེ་ནི་སྐྱེ་བ་མང་པོ་ལ་སྨན་པ་དང་སྐྱེ་བོ་མང་པོ་ལ་བདེ་ [137B] འཇིག་རྟེན་ལ་སྙིང་བརྩེ་བ་དང། ལྷ་དང་མི་རྣམས་ལ་དོན་དང་ཕན་པ་དང་བདེ་བར་འགྱུར་རོ། །ད་ལྟར་དང་མ་འོངས་པའི་དུས་ཀྱི་སེམས་ཅན་རྣམས་དེ་བཞིན་གཤེགས་ པ་ལས་ཐོས་ནས་ཡང་དང་ཡང་དུ་དགེ་བའི་རྩ་བ་བསྐྱེད་པར་འགྱུར། སེམས་དང་བར་འགྱུར། ཡིད་བདེ་བའང་ཐོབ་པར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱའི་རྒྱལ་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ཐམས་ཅད་ལ་ཕན་ཞིང་ཐུགས་བརྩེ་བ་ཅན་གྱིས་བདག་ ཅག་དབུགས་ཕྱུང་ངོ་ཞེས་དེ་དག་རྒྱ་ཆེར་སྤྲོ་བར་འགྱུར་ཏེ་སངས་རྒྱས་ཡིད་ལ་བགྱིད་ཅིང་སངས་རྒྱས་ལ་དམིགས་པའི་དྲན་པ་སྐྱེད་པར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་ དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་ དང་བཤད་དོ། །བཙུན་པ། དེ་བཞིན་ནོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་ སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། །གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་མེ་ཏོག་གཅིག་ནམ་མཁའ་ [138A]༄༅། །ལ་འདོར་ན། དེའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི་ཀུན་དགའ་བོ། གལ་ཏེ་སེམས་ཅན་འགའ་ཞིག་བསྐལ་བ་གཅིག་ཏུ་འཁོར་བ་འདི་ཇི་སྲིད་ པར་ཀུན་ཏུ་རྒྱུག་ཅིང་འཁོར་ཡང་འཁོར་བའི་སྔོན་གྱི་མཐའ་མི་ཤེས་པ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱ་བའི་དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་དེའི་མཐའ་ དེ་ནི་བརྒྱ་བྱིན་ཉིད་རྣམས་ཀྱིས་རྙེད་པར་སླ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། འདི་ལྟར་སངས་རྒྱས་ལ་ཕུལ་བའི་ཡོན་ནི་འཁོར་བ་ན་སྤྱོད་པའི་བདེ་བ་ ཐམས་ཅད་ཀྱིས་མཐར་གཏུགས་པར་སླ་བ་མ་ཡིན་ཏེ། གཞན་དུ་ན་དགེ་བའི་རྩ་བ་དེའི་འབྲས་བུ་མྱ་ངན་ལས་འདས་པ་ཉིད་འབྲས་བུ་ཡིན་པས་ཐ་མ་མྱ་ངན་ལས་ འདའ་བར་ང་སྨྲའོ། །ཀུན་དགའ་བོ། གང་དག་ཁ་ཅིག་མངོན་དུ་བསྟི་སྟང་བྱེད་པ་ལྟའང་ཞོག་གང་ངའི་སྐུ་གདུང་དང་རིང་བསྲེལ་ཡུངས་འབྲུ་ཙམ་ལ་སྐུ་གདུང་ གི་མཆོད་པ་བྱེད་པ་ལྟའང་ཞོག་གང་ངའི་ཕྱིར་མཆོད་རྟེན་བྱས་པ་རྣམས་ལ་བསྟི་སྟང་བྱེད་པ་ལྟའང་ཞོག་གང་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་ གཅིག་ནམ་མཁའ་ལ་འདོར་བ་ལྟའང་ཞོག་སྟེ། ཀུན་དགའ་བོ། གལ་ཏེ་སེམས་ཅན་མྱ་ངན་ལས་འདའ་བའི་སྐལ་བ་མེད་པ་ཞིག་གིས་སངས་རྒྱས་ལ་དམིགས་ [138B] ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འདོར་ནའང། ཀུན་དགའ་བོ། དགེ་བའི་རྩ་བ་དེའི་འབྲས་བུ་དེའང་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདས་པས་ཀླས་པ་ དང༑ མྱ་ངན་ལས་འདས་པའི་མཐས་གཏུགས་པར་ང་སྨྲའོ། །དགེ་བའི་རྩ་བ་དེ་དག་གི་མཐའ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདས་པ་ནི་གཙོ་བོ་ཡིན། མྱ་ ངན་ལས་འདས་པ་ནི་ཁྱད་པར་ཅན་ཡིན། མྱ་ངན་ལས་འདས་པ་ནི་མཆོག་ཡིན། མྱ་ངན་ལས་འདས་པ་ནི་གྱ་ནོམ་པ་ཡིན་ནོ། །སྦྱིན་པ་དེ་མཐར་ཕྱིན་པ་ལ་ཕུལ་བ་ནི་མྱ་ ངན་ལས་འདས་པ་རྣམ་པར་དག་པར་ང་སྨྲའོ། །ཀུན་དགའ་བོ། རྒྱུ་དེས་དེ་བཞིན་གཤེགས་པ་སྦྱིན་གནས་རྣམས་ཀྱི་མཆོག་དང། སྦྱིན་གནས་རྣམས་ཀྱི་རྒྱལ་པོ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་གང་དེ་བཞིན་གཤེགས་པ་ལ་ཕུལ་བ་དེའི་འབྲས་བུ་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྦྱིན་ གནས་རྣམས་ཀྱི་མཆོག་ཅེས་བྱའོ། །ཀུན་དགའ་བོ། ལམ་དེ་ནི་མཐུན་པའོ། །ཀུན་དགའ་བོ། འདི་ལྟར་རྣམ་གྲངས་འདིས་ན་དེ་བཞིན་གཤེགས་པ་ནི་ངེས་པར་ ལེན་པ་རྣམས་ཀྱི་མཆོག་ཡིན་པར་བསྟན་ཏོ། །དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཐམས་ཅད་ཀྱི་མཐའ་ནི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་ [139A]༄༅། །འདས་པས་ཀླས་པ་དང། མྱ་ངན་ལས་འདས་པའི་མཐས་གཏུགས་པར་འགྱུར་རོ། །ཀུན་དགའ་བོ། སྦྱིན་པ་དེ་ལྟ་བུའང་ལྟ་ཞོག་།དེ་ཅིའི་ཕྱིར་ཞེ་ན་ ཀུན་དགའ་བོ། གང་སངས་རྒྱས་ལ་དམིགས་ནས་ཐ་ན་སེམས་གཅིག་བསྐྱེད་དེ་དང་བ་བསྐྱེད་ན། ཀུན་དགའ་བོ། དེ་ཐམས་ཅད་ཀྱི་འབྲས་བུའང་མྱ་ངན་ལས་འདས་པ་ཡིན་ ཏེ༑ ཐ་མ་མྱ་ངན་ལས་འདའ་བར་ང་སྨྲའོ། །ཀུན་དགའ་བོ། མིར་འགྱུར་པའི་སྦྱིན་པ་བྱས་པ་དེ་ལྟ་བུའང་ལྟ་ཞོག་ལ། ཀུན་དགའ་བོ། གང་ཐ་ན་དུད་འགྲོའི་སྐྱེ་གནས་སུ་ སོང་བའི་སེམས་ཅན་རྣམས་ཀྱང་སངས་རྒྱས་ལ་དམིགས་པའི་དྲན་པ་རྙེད་པ་དེ་དག་ཐམས་ཅད་ཀྱི་འབྲས་བུའང་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདའ་ བར་ང་སྨྲའོ། །ཀུན་དགའ་བོ། འདི་ལྟར་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་རྣམས་ཀྱང་ཐ་མ་མྱ་ངན་ལས་འདའ་བའི་བར་དུ་འགྱུར་ཏེ། འདི་ལྟར་རྫུ་འཕྲུལ་ ཆེ་བས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡོན་ཕུལ་བ་ཇི་ཙམ་དུ་རྫུ་འཕྲུལ་ཆེ་བ་དང། སངས་རྒྱས་རྣམས་ལ་སེམས་དང་བ་ཇི་ཙམ་དུ་རྫུ་འཕྲུལ་ཆེ་བ་ལ་ ལྟོས། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲ་སྔགས་མ་འདོན་ཞིག་དང། ཀུན་དགའ་བོ་ཁྱོད་ཀྱི་རྫུ་འཕྲུལ་ཆེ་བ་དང། འབྲས་བུ་ཆེ་བ་དང། ཕན་ཡོན་ཆེ་བ་དང་ [139B] འོད་ཆེ་བ་དང། བདུད་རྩི་ལྟ་བུ་དང། མི་འཆི་བས་ཀླས་པ་དང། མི་འཆི་བའི་མཐས་གཏུགས་པར་འགྱུར་རོ། །ཀུན་དགའ་བོ་ཁྱོད་ཀྱིས་དེ་བཞིན་གཤེགས་ པ་ལ་བྱམས་པའི་ལུས་ཀྱི་ལས་དང། བྱམས་པའི་ངག་གི་ལས་དང་བྱམས་པའི་ཡིད་ཀྱི་ལས་ཕན་པ་དང། བདེ་བ་དང། གཉིས་སུ་མེད་པ་དང། ཚད་མེད་པ་དང། ཁོ་ན་ མེད་པ་དང། གནོད་སེམས་མེད་པས་བསྙེན་བཀུར་བྱས་ཏེ། ཀུན་དགའ་བོ་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱུན་དུ་ཞུགས་པས་ ཡོངས་སུ་གང་བར་གྱུར་ཅིང། ལན་གཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་པ་འདི་ལྟ་སྟེ། དཔེར་ན། བུ་རམ་ ཤིང་སྟུག་པོའམ། འབྲས་ཞིང་སྟུག་པོའམ། འདམ་བུ་མདའ་རྒྱུ་སྟུག་པོའམ། འོད་མ་སྟུག་པོའམ། འདམ་བུ་སྟུག་པོའམ། ཏིལ་ཞིང་སྟུག་པོའམ། རྩྭ་ཀུ་ཤ་སྟུག་ པོ་ལྟ་བུར་གྱུར་པ་དེ་དག་ཐམས་ཅད་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་བསྐལ་པའམ་བསྐལ་པ་ལས་ལྷག་པར་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་ བྱེད། མཆོད་པར་བྱེད་ཅིང་བདེ་བའི་ཡོ་བྱད་ཡིད་དུ་འོང་བ་ཐམས་ཅད་དང། བདེ་བར་སྦྱར་བའི་སྤྱད་པ་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་ན། ཀུན་དགའ་བོ། །དེ་ཇི་སྙམ་ [140A]༄༅། །དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། གསོལ་བ། བཅོམ་ལྡན་འདས། མང་ལགས་སོ། །བདེ་བར་ གཤེགས་པ། མང་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ། བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི་གང་དེ་བཞིན་གཤེགས་པ་ལ་ཐ་ན་ཐལ་མོ་སྦྱར་བ་ལན་གཅིག་བྱས་ཏེ་དེ་ བཞིན་གཤེགས་པ་ལ་ཕྱག་འཚལ་ལོ་ཞེས་ཚིག་ལན་གཅིག་སྨྲས་ན་ཀུན་དགའ་བོ། ཐལ་མོ་སྦྱར་བ་གཅིག་གིས་བསྟི་སྟང་བྱས་པ་དེ་ལ་དགེ་བའི་རྩ་བ་སྔ་མ་དེས་ བརྒྱའི་ཆར་ཡང་མི་ཆོག་སྟོང་གི་ཆ་དང། བརྒྱ་སྟོང་གི་ཆ་དང། གྲངས་དང། བགྲང་བ་དང། ཆར་ཡང་མི་ཆོག་གོ། ཀུན་དགའ་བོ། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་ བཞིན་གཤེགས་པ་ནི་སྦྱིན་གནས་རྣམས་ཀྱི་བླ་ན་མེད་པ་སྟེ། དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་དེ་ལྟར་རྫུ་འཕྲུལ་ཆེའོ། །ཀུན་དགའ་བོ། །སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་དགྲ་བཅོམ་པས་ཡོངས་སུ་གང་བ་ལ་བསྙེན་བཀུར་བྱེད་པ་ལྟའང་ཞོག་ལ། ཀུན་དགའ་བོ། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་འདི་རང་སངས་རྒྱས་ཀྱིས་ཡོངས་སུ་གང་བར་གྱུར་པ་འདི་ལྟ་སྟེ། བུ་རམ་ཤིང་སྟུག་པོའམ། འདམ་བུ་སྟུག་པོ་ནས་རྩྭ་ཀུ་ཤ་སྟུག་པོའི་བར་ [140B]བདེ་བའི་ཡོ་བྱད་ཐམས་ཅད་དང། བདེ་བ་ལ་རེག་པར་གནས་པར་འགྱུར་བ་ཐམས་ཅད་ཀྱིས་བསྟི་སྟང་བྱེད། བླ་མར་བྱེད་ རི་མོར་བྱེད། མཆོད་པར་བྱེད་ཅིང་རང་སངས་རྒྱས་དེ་དག་ཡོངས་སུ་མ་ངན་ལས་འདས་པ་རྣམས་ཀྱི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་ཏེ། དེ་དག་ལའང་ཇི་སྲིད་འཚོའི་ བར་དུ་མེ་ཏོག་དང། བདུག་པ་དང། སྤོས་དང། ཕྲེང་བ་དང། བྱུག་པ་དང། ཕྱེ་མ་དང། གོས་དང། གདུགས་དང། རྒྱལ་མཚན་དང། བ་དན་ཐམས་ཅད་ཀྱིས་བསྟི་སྟང་ བྱེད། བླ་མར་བྱེད་པ་ནས་མཆོད་པར་བྱེད་པའི་བར་དུ་བྱེད་ན། ཀུན་དགའ་བོ། དེ་ཇི་སྙམ་དུ་སེམས། དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། གསོལ་པ། བཅོམ་ ལྡན་འདས། མང་ལགས་སོ། །བདེ་བར་གཤེགས་པ། མང་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ། གང་བསོད་ནམས་ཀྱི་ཕུང་པོ་འདི་ནི་གང་དེ་བཞིན་གཤེགས་པ་ལ་ ཐ་ན་སེམས་བསྐྱེད་པ་གཅིག་གིས་སེམས་རབ་ཏུ་དང་བས་རྗེས་སུ་དྲན་པ་དང། སངས་རྒྱས་ཀྱི་ཡོན་ཏན་རྣམས་ལ་དད་པ་དང། རྟོག་པ་དང། མོས་པ་དང། དེ་བཞིན་ གཤེགས་པ་རྣམས་ཀྱི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་བོ་ཞེས་ཚིག་ཏུ་སྨྲ་བ་ནི། ཀུན་དགའ་བོ། སེམས་དང་བའི་དགེ་བའི་རྩ་བ་འདི་ལ་རང་སངས་རྒྱས་ལ་བསྐྱེད་པའི་ [141A]༄༅། །བསོད་ནམས་ཀྱི་ཕུང་པོ་སྔ་མས་ཐ་ན་ཆ་ནས་རྒྱུའི་བར་དུའང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་།སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱི་བྱམས་པ་དཔག་ཏུ་མེད། སྙིང་རྗེ་ཆེན་པོ་དཔག་ཏུ་མེད་ཚུལ་ཁྲིམས་དཔག་ཏུ་མེད། ཏིང་ངེ་འཛིན་དཔག་ཏུ་མེད། ཤེས་རབ་དཔག་ཏུ་མེད། རྣམ་པར་གྲོལ་བ་ དཔག་ཏུ་མེད། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དཔག་ཏུ་མེད་ཡང་དག་པར་འགྲུབ་པ་དཔག་ཏུ་མེད། རྟོགས་པ་དཔག་ཏུ་མེད་དེ། ཀུན་དགའ་བོ། །སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་དེ་ལ་རྣམ་པར་སྨིན་པའང་བསམ་གྱིས་མི་ཁྱབ་པར་ཤེས་ པར་བྱོས་ལ། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་ཀུན་དགའ་བོ་ཁྱོད་རྫུ་འཕྲུལ་ཆེན་པོ་དང། རྒྱ་ཆེན་པོར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་ ཀུན་དགའ་བོ་ཁྱོད་ཀྱིས་ལོ་ཉི་ཤུ་ལྷག་གི་བར་དུ་དེ་བཞིན་གཤེགས་པ་ལ་བྱམས་པའི་ལུས་ཀྱི་ལས་དང། བྱམས་པའི་ངག་གི་ལས་དང་བྱམས་པའི་ཡིད་ཀྱི་ལས་ ཀྱིས་བསྙེན་བཀུར་བྱས་ཤིང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བཟུང་སྟེ། མང་དུ་ཐོས་པ་རྣམས་ཀྱི་མཆོག་སྣ་ཚོགས་སྨྲ་བ་རྣམས་ཀྱི་མཆོག། །གསལ་བ། དུལ་ [141B] འཇིགས་པ་མེད་པ། མང་དུ་ཐོས་པ། མདོ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། འཁོར་བཞི་རྣམས་ལ་ཆོས་འཆད་པས་ངལ་བ་མེད་པ་ཡིན་ནོ། །ཀུན་དགའ་ བོ༑ ང་འདས་ནས་ཁྱོད་དང་གནས་བརྟན་འོད་སྲུང་ཆེན་པོ་གཉིས་སྟོན་པའི་མཛད་པ་བྱེད་པར་འགྱུར་གྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་ཀུན་ དགའ་བོ་ཁྱོད་རྫུ་འཕྲུལ་ཆེ་བར་འགྱུར། ཕན་ཡོན་ཆེ་བ་དང་གཟི་ཆེ་བ་དང། ཀུན་དགའ་བོ་ཁྱོད་རྒྱ་ཆེ་བར་འགྱུར་རོ། །སྐུ་གདུང་མེད་པར་མི་འགྱུར་བའི་ལེའུ་སྟེ་བདུན་པ་ རྫོགས་སོ།། །།བམ་པོ་བཞི་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སེམས་ཅན་གང་དག་ཁ་ཅིག་ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཐོས་སམ། མཚན་གྱི་སྒྲ་ཐོས་ན། ཀུན་དགའ་བོ། དེའང་དེ་དག་ལ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་དོན་མེད་པར་མི་ འགྱུར་བར་ང་སྨྲའོ། །ཀུན་དགའ་བོ། གང་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་ཚིག་དེའི་དོན་ཀྱང་གང་ཡིན། དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་ འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ལགས་བཅོམ་ལྡན་འདས་ནི་འདྲེན་ [142A]༄༅། །པ་ལགས། བཅོམ་ལྡན་འདས་ནི་སྟོན་པ་ལགས་ན། བཅོམ་ལྡན་འདས་དགེ་སློང་རྣམས་ལ་དོན་དེ་ལེགས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ ལས་མངོན་སུམ་དུ་ཐོས་ནས་དོན་དེ་བཞིན་དུ་འཛིན་པར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ། །ཀུན་དགའ་བོ། དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་དང་ངས་བཤད་དོ། །བཅོམ་ལྡན་འདས། དེ་བཞིན་ནོ་ཞེས་གསོལ་ནས། ཚེ་དང་ལྡན་ པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། འདི་ལ་སངས་རྒྱས་ལ་ཕྱག་ འཚལ་ལོ་ཞེས་བྱ་བ་ཚིག་དེའི་དོན་ནི་འདི་ཡིན་ཏེ། འདི་ལྟ་སྟེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་གྱི་སྒྲ་དོན་མེད་པར་མི་འགྱུར་བ་ཡིན་ནོ། །ཀུན་དགའ་ བོ༑ དེ་ལྟར་ན་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བ་འདི་ནི་དོན་མེད་པར་མི་འགྱུར་བར་བཤད་དོ། །ཀུན་དགའ་བོ། དེ་བས་ན་དོན་འདི་རྒྱ་ཆེར་ཤེས་པར་བྱ་བ་དང་ ཡོངས་སུ་རྫོགས་པར་བྱ་བ་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་ཐོས་ན་དད་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་བསྟན་པ་འདི་ལ་རྒྱ་ཆེར་སེམས་ [142B]།ཀུན་དགའ་བོ། སྔོན་བྱུང་བ་འདས་པའི་དུས་ན་ཚོང་པའི་ཚོགས་མང་པོ་རྒྱ་མཚོ་ཆེན་པོར་ཞུགས་པར་གྱུར་ཏེ། དེ་དག་ རྒྱ་མཚོའི་དབུས་སུ་ཕྱིན་པ་དང་གྲུ་བོ་ཆེ་ཆུ་སྲིན་གྱིས་ཟིན་པར་གྱུར་ཏོ། །ཀུན་དགའ་བོ། དེ་ནས་ཚོང་པའི་ཚོགས་ཆེན་པོ་འཇིགས་ཤིང་དངངས་སྐྲག་སྟེ་སྤུ་ཟིང་ཞེས་བྱེད་པར་ གྱུར་ཅིང་འཆི་བའི་འཇིགས་པས་སྐྲག་སྟེ། མགོན་མེད། སྐྱབས་མེད་དཔུང་གཉེན་མེད་པར་གྱུར་ནས་དེ་དག་སོ་སོ་ན་དུ་ཞིང་ཆོ་ངེ་འདོན་སྨྲེ་སྔགས་འདོན་ཏེ་རྣམ་པར་སྨྲེ་བ་སྣ་ ཚོགས་ཀྱིས་རྣམ་པར་སྨྲེ་སྟེ། ཀྱེ་མའོ། །ཛམྦུ་གླིང་དེ་ཉམས་རེ་དགའ། །ཀྱེ་མའོ། །འཚོ་བའི་འཇིག་རྟེན་དེ་རེ་བཟང། ཀྱེ་མའོ། །མིར་འགྱུར་བ་འདི་རྙེད་པར་རེ་དཀའ། ཀྱེ་ མའོ། །ཕ་མ་དག་དང་འབྲལ་པར་འགྱུར་རོ། །ཀྱེ་མའོ། །བུ་དང་ཆུང་མ་དང། ཀྱེ་མའོ། །མཛའ་བཤེས་དང་ཆུང་མའི་ཚོགས་རྣམས་ཕྱིན་ཆད་མི་མཐོང་ངོ་ཞེས་དུ་ཞིང་སྨྲེ་ སྔགས་འདོན། སྡུག་བསྔལ་དང་ཡིད་མི་བདེ་བ་མྱོང་སྟེ། འཚོ་བར་འདོད་པས་ལྷ་སྣ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །ཀུན་དགའ་བོ། དེ་ནས་ཚོང་པའི་ཚོགས་དེ་ན་ དེད་དཔོན་མཁས་པ་གསལ་བ་ཡིད་གཞུངས་པ། སངས་རྒྱས་དང། ཆོས་དང། དགེ་འདུན་ལ་མངོན་པར་དད་པ། ལྷར་གཞན་མི་འཛིན་ཅིང་སངས་རྒྱས་བཅོམ་ལྡན་ [143A]༄༅། །འདས་ལ་དད་པ་ཞིག་ཡོད་པར་གྱུར་ཏེ། དེས་ཚོང་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཚོང་པ་དག་འཇིགས་ཤིང་སྐྲག་པ་ཆེན་པོ་ འདི་ལས་ཕྱིན་ཅིང་ཐར་བར་འདོད་དམ། མ་ཐར་ནའང་བདེ་འགྲོ་མཐོ་རིགས་སུ་སྐྱེ་བར་འདོད་ན་ཚུར་ཤོག་ཐམས་ཅད་ཚོགས་ཤིང་མཐུན་པས་ང་ཇི་སྐད་དུ་སྨྲ་བ་དེ་ བཞིན་དུ་ཁྱེད་ཀྱང་སོ་སོར་སྨྲོས་ཤིག་དང། དེ་དག་གིས་སྨྲས་པ་དེད་དཔོན་ཁྱོད་སྨྲོས་ཤིག་བདག་ཅག་ཀྱང་ཁྱོད་སྨྲ་བ་བཞིན་དུ་ཟློས་སོ། །ཀུན་དགའ་བོ། དེ་ནས་ དེད་དཔོན་དེ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་གྲུ་བོ་ཆེ་ལ་བཙུགས་ཏེ་སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་སྒྲ་ཆེན་པོ་ཕྱུང་སྟེ། སངས་ རྒྱས་རྣམས་ལ་ཕྱག་འཚལ་ལོ། །མི་འཇིགས་པ་སྦྱིན་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཅན་སངས་རྒྱས་རྣམས་ལ་ཕྱག་ འཚལ་ལོ་ཞེས་སངས་རྒྱས་ལ་ཕྱག་འཚལ་ཏོ། །ཚོང་པའི་ཚོགས་དེ་དག་ཀྱང་དེ་ཉིད་དུ་ཐལ་མོ་སྦྱར་ནས་མགྲིན་གཅིག་ཏུ་ཚིག་སྨྲས་པ། སངས་རྒྱས་རྣམས་ལ་ ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཅན་ལ་ཕྱག་འཚལ་ལོ་ཞེས་བྱས་སོ། ། [143B] དེ་ནས་ཆུ་སྲིན་དེས་སངས་རྒྱས་ཀྱི་སྒྲ་དེ་ཐོས་སོ། །དེས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བ་དེ་ཐོས་ནས་དགའ་བ་ཆེན་པོ་དང་རྣམ་པར་འཚེ་བ་མེད་པའི་ སེམས་ཐོབ་པར་གྱུར་ཏེ་དེས་ཁ་སླར་བཙུམས་སོ། །ཀུན་དགའ་བོ། །དེ་ནས་དེད་དཔོན་དེ་གྲུ་དེ་དང་བཅས་པར་བདེ་བར་ཐར་ཏེ། གྲུ་བོ་ཆེ་དེ་དག་བདེ་ཞིང་དོན་གྲུབ་ནས་སླར་ ཛམྦུའི་གླིང་དུ་འཁོར་ཏོ། །ཆུ་སྲིན་དེའང་སངས་རྒྱས་ཀྱི་སྒྲ་དེ་ཐོས་པས་བདེ་བ་མྱོང་ཞིང་ཕྱིན་ཆད་སྲོག་ཆགས་གཞན་མི་ཟ་སྟེ། དེ་ལྟོགས་ནས་དེ་ཉིད་དུ་འཆི་བའི་དུས་བྱས་ སོ༑ ༑དེ་འཆི་བའི་དུས་བྱས་མ་ཐག་ཏུ་དུད་འགྲོའི་སྐྱེ་གནས་ལས་འཕོས་ནས་མི་དང་སྐལ་པ་མཉམ་པར་སྐྱེས་པར་གྱུར་ཏོ། །དེ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ འདུལ་བ་ལ་དད་པར་གྱུར་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ། །རབ་ཏུ་བྱུང་ནས་ཀྱང་དགེ་བའི་བཤེས་གཉེན་ལ་བསྙེན་ཅིང་བསྟེན་ལ་བསྙེན་བཀུར་བྱས་པས་དགྲ་ བཅོམ་པ་ཐོབ་སྟེ། མངོན་པར་ཤེས་པ་དྲུག་མངོན་སུམ་དུ་བྱས་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་སོ། །ཀུན་དགའ་ བོ༑ ཆུ་སྲིན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེས་སངས་རྒྱས་ཀྱི་སྒྲ་ཐོས་པ་དེ་མིར་འགྱུར་བའི་རྒྱུར་གྱུར་པ་དང། རབ་ཏུ་བྱུང་བའི་རྒྱུར་གྱུར་པ་དང། དགྲ་བཅོམ་པ་ཐོང་ [144A]༄༅། །པའི་རྒྱུར་གྱུར་པ་དང། ཡོངས་སུ་མྱ་ངན་ལས་འདས་པའི་རྒྱུར་གྱུར་པ་ལ་ལྟོས། ཀུན་དགའ་བོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྒྲ་ཐོས་ པ་དེ་ཇི་ཙམ་དུ་རྫུ་འཕྲུལ་ཆེ་བ་དང། མཚན་བརྗོད་པ་ཇི་ཙམ་དུ་རྫུ་འཕྲུལ་ཆེ་བ་དང། སེམས་དང་བ་ཇི་ཙམ་དུ་རྫུ་འཕྲུལ་ཆེ་བ་ལ་ལྟོས། གང་ན་མི་དགེ་བར་གཏོགས་པ་ དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་ཆུ་སྲིན་གྱིས་སངས་རྒྱས་ཀྱི་སྒྲ་ཐོས་པ་དེའང་དོན་མེད་པར་མ་གྱུར་ན་མིར་གྱུར་པ་ལྟ་ཅི་སྨྲོས། །ཀུན་དགའ་བོ་ཁྱོད་ཀྱིས་རྣམ་གྲངས་ འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་སྒྲ་ཐོས་པའང་དོན་མེད་པར་མི་འགྱུར་ན། སངས་རྒྱས་ལ་ བསྐྱེད་པའི་དགེ་བའི་རྩ་བ་དེ་ལས་གཞན་ལྟ་ཅི་སྨོས། །ཀུན་དགའ་བོ། ཉི་ཚེ་བ་བྱེད་པ་ནི་ཚེ་བ་འགྲུབ། ཡོངས་སུ་རྫོགས་པ་བྱེད་པ་ནི་ཡོངས་སུ་རྫོགས་པ་ འགྲུབ་བོ་ངས་དེ་སྐད་སྨྲས་པ་དེའང་ངས་ཅི་ལ་བརྟེན་ཏེ་སྨྲས་ཤེ་ན། ཉི་ཚེ་བ་བྱེད་པ་ཞེས་བྱ་བ་ནི་གང་དད་པ་ལས་བྱུང་བ་དགེ་བའི་རྩ་བ་ཚུ་རོལ་པའི་དུས་ཅན་ ཉན་ཐོས་ཀྱི་ས་བོན་སྐྱེད་པ་སྟེ་ཉན་ཐོས་སུ་འགྱུར་རོ། །དེ་དགེ་བའི་རྩ་བ་དེས་ཉན་ཐོས་ཀྱིས་ཡོངས་སུ་རྫོགས་པར་བྱེད་དོ་།རང་གི་ཕྱིར་བྱེད་པ་ནི་རང་གི་དགེ་བའི་རྩ་ [144B]བྱེད་དོ། ཀུན་དགའ་བོ། ངས་འདི་ལ་བརྟེན་ནས་འདི་ཉི་ཚེ་བ་བྱེད་པའོ་ཞེས་སྨྲས་སོ། །ཀུན་དགའ་བོ། ཡོངས་སུ་རྫོགས་པ་ བྱེད་པ་ནི། ཀུན་དགའ་བོ། གང་ཐོག་མ་དང་ཐ་མ་མེད་པའི་དུས་ཅན་དགེ་བའི་རྩ་བ་སངས་རྒྱས་ལ་བསྐྱེད་པ། སངས་རྒྱས་ཀྱི་ས་བོན་བསྐྱེད་པ་སྟེ། དེ་དུས་རིང་མོ་ཞིག་འདས་ནས་ བརྒྱ་ལ་བརྒྱ་ལམ་ན་རྒྱུ་དེ་དང། རྐྱེན་དེ་དང། དགེ་བའི་རྩ་བ་དེས་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་དོ། །མཉེས་པར་བྱས་ནས་ཀྱང་ཡོངས་སུ་རྫོགས་པར་བྱ་ བའི་ཕྱིར་དེ་ལ་དགེ་བའི་རྩ་བ་བསྐྱེད་དོ། །བསྐྱེད་ནས་ཀྱང་བྱང་ཆུབ་ཀྱི་ཚོགས་རྣམས་མངོན་པར་འདུས་བྱས་ནས་ཡན་ལག་རྣམས་ཡོངས་སུ་རྫོགས་པས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་འཇིག་རྟེན་ན་སྒྲ་རྣམ་པར་གྲགས་པའི་སངས་རྒྱས་སུ་འགྱུར་ཏེ། ཀུན་དགའ་བོ། འདི་ནི་ཡོངས་སུ་རྫོགས་པར་ བྱེད་པ་ཞེས་བྱའོ། །དེ་ལྟར་ངས་གང་སྨྲས་པ་དེ་ནི་འདི་ལ་བརྟེན་ཏེ་སྨྲས་སོ། །ཀུན་དགའ་བོ། རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་གང་ཉི་ཚེ་བ་བྱེད་པས་ནི་ཉི་ཚེ་བ་ ཡོངས་སུ་རྫོགས་པ་བྱེད་པས་ནི་ཡོངས་སུ་རྫོགས་པ་འགྲུབ་པར་རིགས་པར་བྱའོ། །ཀུན་དགའ་བོ། ངས་སྤྱོད་པ་གཞན་ཡང་ཐ་ན་རྩ་བ་བཞི་པ་ཙམ་ཡང་བཤད་དོ། །དེ་ལྟར་ [145A]༄༅། །ངས་གང་སྨྲས་པ་དེ་ངས་ཅི་ལ་བརྟེན་ཏེ་སྨྲས་ཤེ་ན་ཀུན་དགའ་བོ། ངས་སེམས་ཅན་རིད་ཅིང་ཉམ་ཆུང་བ་རྣམས་ལ་བརྟེན་ནས་བཤད་དེ། ཀུན་དགའ་ བོ༑ ང་ནི་སེམས་ཅན་ཆུད་ཟོས་པ་རྣམས་ཀྱི་སྐྱབས་སོ། །ང་ནི་རབ་ཏུ་ཆུད་ཟོས་པ་རྣམས་ཀྱི་མགོན་ནོ། །ང་ནི་དཔུང་གཉེན་ནོ། །ང་ནི་བརྟེན་མེད་པ་དང་མགོན་མེད་པ་རྣམས་ཀྱི་རྟེན་ དང་མགོན་ཡིན་ནོ། །ཀུན་དགའ་བོ། ང་ནི་སེམས་ཅན་སྒྲོན་མ་མེད་པ་དང། ལོང་བ་དང། མིག་མེད་པ་རྣམས་ཀྱི་སྒྲོན་མ་དང། མིག་དང་སྣང་བ་དང། འོད་བྱེད་པའོ། ། ཀུན་དགའ་བོ། །ཕས་ཀྱི་རྒོལ་བ་ཐམས་ཅད་ནི་སྐྱབས་མེད་པ། ལོང་བ། མིག་མེད་པ། ཡོངས་སུ་འདྲེན་པ་མེད་པའོ། །ཀུན་དགའ་བོ། ང་ནི་ལྷ་དང་བཅས་པའི་འཇིག་རྟེན་ གྱི་སྟོན་པའོ། །འཆོས་པའོ། །སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཅན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། །ཕྱི་མའི་དུས་ཟད་པའི་དུས། དམ་པའི་ཆོས་འཇིག་པར་ འགྱུར་བའི་དུས་ན་གང་དག་ངའི་བསྟན་པ་འདི་ལ་རབ་ཏུ་འབྱུང་བར་འགྱུར་བ་དག་རབ་ཏུ་བྱུང་ནས་བུའི་ལག་ནས་བཟུང་སྟེ། བུ་དང་ལྷན་ཅིག་ཏུ་ཆང་སྐྱོགས་གང་གི་ ཕྱིར་ཆང་པའི་ཁྱིམ་ནས་ཆང་པའི་ཁྱིམ་དུ་འཁྱམ་པ། ངའི་དམ་པའི་ཆོས་འདིའི་རྗེས་སུ་སློབ་པ་དེ་དག་ཐམས་ཅད་ཀྱང། ཀུན་དགའ་བོ། བསྐལ་པ་བཟང་པོ་འདི་ལ་ཡོངས་ [145B] །ཀུན་དགའ་བོ། ཅིའི་ཕྱིར་བསྐལ་པ་འདི་བསྐལ་པ་བཟང་པོ་ཞེས་བྱ་ཞེ་ན། ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ འདི་འཇིག་པར་གྱུར་པའི་ཚེ་ས་ཆེན་པོ་རྒྱ་མཚོ་གཅིག་ཏུ་གྱུར་པ་ན་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ལྷའི་མིག་གིས་ཆུས་འཇིག་པ་ཐམས་ཅད་ལ་རྣམ་པར་བལྟའོ། །དེ་དག་ གིས་བལྟས་ན་ཛམྦུའི་གླིང་དུ་པདྨ་ཆེན་པོ་གསེར་གྱི་ཁ་དོག་ལྟ་བུ། གསེར་གྱི་འོད་བྱུང་བ། འདབ་མ་སྟོང་ཡོད་པ། བསུང་ཞིམ་པ་ཡིད་དུ་འོང་བ་སྟོང་ཐམ་པ་མཐོང་ངོ། །དེ་དག་ གིས་དེ་མཐོང་ནས་འདི་སྙམ་དུ་སེམས་ཏེ། པདྨ་འདི་དག་ཇི་སྙེད་བྱུང་བ་དེ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྐལ་པ་འདི་ལ་འབྱུང་བར་འགྱུར་རོ་སྙམ་ནས་དེ་དག་ ཚིམ་ཞིང་མགུ་ལ་ཡི་རང་ཞིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་གང་དུ་སངས་རྒྱས་སྟོང་འབྱུང་བ། ཀྱེ་མའོ་།བསྐལ་པ་འདི་བཟང་པོར་འགྱུར་རོ། །ཀྱེ་མའོ་ བསྐལ་པ་འདི་རབ་ཏུ་བཟང་པོར་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། ཀུན་དགའ་བོ། དེའི་ཕྱིར་བསྐལ་པ་འདི་བཟང་པོ་ཞེས་བྱའོ། །ཀུན་དགའ་བོ། འདི་ལྟར་ བསྐལ་པ་བཟང་པོ་འདི་ལ་བསྐལ་པ་བཟང་པོ་ཞེས་མིང་བཏགས་པའི་བསྐལ་པ་བཟང་པོའི་རྒྱུ་འདི་ཡིན་རྐྱེན་འདི་ཡིན་ནོ། །ཀུན་དགའ་བོ་བསྐལ་པ་བཟང་པོ་འདི་ཡང་ [146A]༄༅། །འདས་ནས་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་འབྱུང་སྟེ། བསྐལ་པ་འདི་ལ་འཁོར་བ་འཇིག་ཚུན་ཆད་ད་ལྟའི་ང་དང་བཞིའོ། །ཀུན་དགའ་བོ། །ངའི་འོག་ ཏུ་བྱམས་པ་འབྱུང་སྟེ། དེ་བཞིན་གཤེགས་པ་མོས་པ་ཞེས་བྱ་བ་སྟོང་གི་ཐ་མར་འབྱུང་ངོ། །ཀུན་དགའ་བོ། རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། འདི་ ལྟར་བསྐལ་པ་བཟང་པོ་འདི་ལ་ང་འདས་ནས་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་འབྱུང་བའི་ཚེ། ཀུན་དགའ་བོ། ངའི་བསྟན་པ་འདི་ལ་གང་དག་དགེ་སྦྱོང་གི་རིགས་ ཅན་དགེ་སྦྱོང་ཤིན་ཏེ་མ། དགེ་སྦྱོང་དུ་ཁས་འཆེ་བ། དགེ་སྦྱོང་ལྟར་བཅོས་པ། ངུར་སྨྲིག་གྱོན་པ་འབྱུང་བ་དེ་དག་ཐམས་ཅད་ཀྱང་བསྐལ་པ་བཟང་པོ་འདི་ལ་གང་བྱམས་ པ་ནས་མོས་པ་ལ་ཐུག་གི་བར་དུ་ཕྱིས་འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འོག་ཏུ་མཐར་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་དག་ཐམས་ཅད་ ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་སྟེ། དགེ་སློང་གཅིག་ཀྱང་ལྷག་མ་མ་ལུས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ ན། ཀུན་དགའ་བོ། འདི་ལྟར་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་རྟོགས་ཤིང་རྗེས་སུ་རྟོགས་པ་ལ་འདི་ལྟ་བུ་དག་ཐ་ན་སེམས་དང་བ་གཅིག་བསྐྱེད་པ་དང། དཀར་ [146B]རོ། །ཀུན་དགའ་བོ། གང་དག་ཁ་ཅིག་སེམས་དང་བས་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་ཚིག་བརྗོད་ན། ཀུན་ དགའ་བོ། དགེ་བའི་རྩ་བ་དེའང་མྱ་ངན་ལས་འདའ་བ་ལ་གཞོལ་བར་ང་སྨྲ་སྟེ། མྱ་ངན་ལས་འདའ་བའི་མཐར་འགྱུར་བ་དང། མྱ་ངན་ལས་འདའ་བའི་མུར་ཐུག་པར་འགྱུར་བར་ང་སྨྲ་ན་ གང་དེ་བཞིན་གཤེགས་པ་བཞུགས་པ་ལ་བསྟི་སྟང་བྱེད་པ་དང། བླ་མར་བྱེད་པ་དང། རིམ་གྲོར་བྱེད་པ་དང། མཆོད་པར་བྱེད་པ་དང་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་ ལ་སྐུ་གདུང་གི་མཆོད་པ་བྱེད་པ་ལྟ་ཅི་སྨོས། ཀུན་དགའ་བོ། དགེ་སློང་གི་རིགས་ངུར་སྨྲིག་བགོས་པ་དེ་དག་ནི་ཐ་ན་ལན་འགའ་ཞིག་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ་ཞེས་ ངེས་པར་ཚིག་ཏུ་བརྗོད་པར་ཡང་འགྱུར་ན་སེམས་དང་བ་བསྐྱེད་པར་འགྱུར་བ་དང། དགེ་བའི་རྩ་བ་གཞན་དག་བསྐྱེད་པར་འགྱུར་བ་ལྟ་ཅི་སྨོས། །ཀུན་དགའ་བོ། ངས་འདི་ལ་ དགོངས་ནས་ཀྱང་ངས་དེ་སྐད་བཤད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིག་དེ་དག་ཚིགས་སུ་བཅད་དེ་བཀའ་སྩལ་པ། དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་ བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །དེ་ཡི་རྣམ་སྨིན་བསམ་མི་ཁྱབ། །མཐུ་ཆེན་ལྡན་པ་སྣང་བ་མཛད་པ་པོ། །འདས་པའི་སངས་རྒྱས་རྣམས་ལ་མཆོད་བྱས་ [147A]༄༅། །ནས། །སྙིང་རྗེས་འཇིག་རྟེན་ཀུན་ཏུ་མཚུངས་མེད་ཅིང་།གྲངས་མེད་བྱང་ཆུབ་འདི་འཚང་རྒྱ་བྱ་ཞེས། །དེ་ཚེ་སྦྱིན་ལ་མངོན་པར་བརྩོན་པར་གྱུར། །དད་ པའི་དབང་པོ་སྒོམ་དང་བརྩོན་འགྲུས་ལྡན། །བརྩོན་འགྲུས་སྟོབས་ལྡན་མཐུན་པ་རབ་བསྐྱེད་ནས། །སྦྱིན་པ་བྱིན་ནས་སྐྱེ་དགུ་སྙིང་བརྩེ་བྱས། །ཇི་ལྟར་ཕ་དང་མ་དང་སྲིང་མོ་ དང། །སྤུན་དང་གྲོགས་ལ་བྱམས་པར་འགྱུར་བ་བཞིན། །མཛའ་དང་མི་མཛའ་དག་ལ་ཁོང་ཁྲོ་སྤངས། །བྱང་ཆུབ་མཚུངས་མེད་གྲངས་མེད་ངས་ཐོབ་བོ། །བྱང་ཆུབ་ཞི་བ་ མྱ་ངན་མེད་འཚོལ་ཕྱིར། །བསྐལ་པ་བྱེ་བར་ང་ཡིས་སྦྱིན་པ་བྱིན། །ཕན་པར་འདོད་པས་སྙིང་རྗེ་རབ་བསྐྱེད་ནས། །མགོ་དང་མིག་དང་ཤ་དང་ཁྲག་རྣམས་དང། །རྒྱལ་སྲིད་ སྟོང་ཕྲག་རྣམ་པ་མང་པོ་བཏང། །སྡུག་པའི་བུ་དང་ཆུང་མ་བུ་མོ་དང། །དེ་བཞིན་རྟ་དང་བཞོན་པ་དུ་མ་དག། བྱང་ཆུབ་འདི་ཡི་ཆེད་དུ་ངས་སྔོན་བཏང། །བསྐལ་པ་སྟོང་ དད་བྱེ་བ་མང་པོར་ཡང། །བྱང་ཆུབ་དམ་པ་འདི་ནི་འདོད་པའི་ཕྱིར། །ཀུན་ཏུ་རྒྱུག་པའི་ཚེ་ནི་ཡང་དང་ཡང། །དད་པ་མང་པོས་ངས་ནི་སྦྱིན་པ་བྱིན། །བྱང་ཆུབ་མཆོག་ འདི་ཡོངས་སུ་འཚོལ་བའི་ཚེ། །ཚ་དང་གྲང་དང་བཀྲེས་དང་སྐོམ་པ་ཡི། །སྡུག་བསྔལ་མི་ཟད་མང་པོ་བཟོད་བྱས་ནས། །བརྩོན་འགྲུས་བརྩམས་ཏེ་བདག་ནི་འཆི་དུས་ [147B] །བྱང་ཆུབ་ཞི་བ་མྱ་ངན་མེད་འཚོའི་ཚེ། །འཇིག་རྟེན་འདི་དག་ཀུན་ལ་ཕན་པའི་ཕྱིར། །གང་དག་ངས་སྤྱད་པ་ཡི་མཚན་ཉིད་རྣམས། །ལོ་བྲྒྱའམ་ཡང་ན་བསྐལ་པར་བརྗོད་ པར་བྱ། །ང་ནི་འཁོར་ཚེ་སངས་རྒྱས་བརྒྱ་དག་དང། །སངས་རྒྱས་སྟོང་དང་བྱེ་མང་མཉེས་པར་བྱས། །སངས་རྒྱས་མཐུ་ཆེན་དེ་དག་ཐམས་ཅད་ལ། །གསེར་གྱི་མེ་ཏོག་རྣམས་ཀྱིས་རྟག་ ཏུ་བཀུར། །ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང། །སྤོས་དང་ཕྲེང་བ་དག་དང་བྱུག་པ་དང། །བ་དན་རྒྱལ་མཚན་གདུགས་རྣམས་བྱེ་བ་ཡིས། །སངས་རྒྱས་བྱེ་བ་མང་པོ་ངས་ མཆོད་དོ། །སྲོག་ཆགས་མང་པོ་སྲོག་ཆགས་བྱེ་བ་མང། །ཕ་མཐའ་མེད་པའི་འཁོར་བ་འདིར་འཁོར་རྣམས། །ངས་ནི་རྟག་ཏུ་དབུགས་བྱུང་བྱས་ཤིང་སོང། །སྦྱིན་པ་རྒྱ་ཆེན་ བཟང་པོ་དག་ཀྱང་བྱིན། །ཚུལ་ཁྲིམས་བཟོད་པ་དེ་བཞིན་བརྩོན་འགྲུས་དང། །ཏིང་ངེ་འཛིན་དང་ཤེས་རབ་དེ་བཞིན་ཐབས། །ཡང་དག་སྤོང་དང་དྲན་པ་ཉེར་གཞག་དང། །དེ་ བཞིན་རྫུ་འཕྲུལ་རྐང་བཞི་རབ་ཏུ་བསྒོམས། །བྱང་ཆུབ་དམ་པ་འདི་ནི་འདོད་པའི་ཕྱིར། །དབང་པོ་ལྔ་དང་སྟོབས་ལྔ་ལེགས་པར་བསྒོམས། །བྱང་ཆུབ་ཡན་ལག་བདུན་དང་ འཕགས་པའི་ལམ། །བྱང་ཆུབ་ཕྱོགས་རྣམས་ཐམས་ཅད་ངས་བསྒོམས་སོ། །གང་བྱས་ན་ནི་འཇིག་པར་མི་འགྱུར་བ། །འཕགས་པའི་ཡེ་ཤེས་ཀྱིས་ནི་དགོངས་པར་གྱིས། ། [148A]༄༅། །རྟག་ཏུ་དང་བས་རབ་ཏུ་སྤྱད་བྱས་ན། །སྐྲ་རྩེ་ཙམ་དང་འབྲལ་བར་མི་འགྱུར་རོ། །ཕྱག་འཚལ་བའི་ལེའུ་སྟེ་བརྒྱད་བ་རྫོགས་སོ།། །།དེ་ ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགེ་བའི་སེམས་གཅིག་བསྐྱེད་ པའང་ཆུད་མི་ཟ་ན། དགེ་བའི་རྩ་བ་དེ་ལས་གཞན་རྣམས་ལྟ་ཅི་སྨོས། ཀུན་དགའ་བོ། །དེའི་ཕྱིར་དོན་འདི་རྒྱ་ཆེར་ཤེས་པར་བྱ་བའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བྱ་སྟེ། འདི་ལ་ སྐྱེས་བུ་མཁས་པ་ཁ་ཅིག་ནི་འདི་ལྟར་དེ་བཞིན་གཤེགས་པ་ལ་དང་བའི་སེམས་གཅིག་བསྐྱེད་པའང་ཆུད་མི་ཟ་བ་དཔེས་ཤེས་པར་འགྱུར་རོ། །ཀུན་དགའ་བོ། འདི་ལྟ་སྟེ་ དཔེར་ན། མི་ལ་ལ་ཞིག་གིས་སྐྲའི་རྩེ་མོ་བརྒྱར་གཤགས་པས་ཆུའི་ཐིགས་པ་གཅིག་བླངས་ཏེ་ངའི་ཐད་དུ་འོངས་ནས་འདི་སྐད་ཅེས། ཀྱེ་གོའུ་ཏམ། ཆུའི་ཐིགས་པ་འདི་ ཁྱོད་ཀྱི་ལག་ཏུ་གཞག་གི། བསྐལ་པ་འདས་ན་ཁྱོད་ཀྱིས་འདི་མཉམ་ཞིང་ལྷག་ཆད་མེད་པར་སླར་བདག་ལ་བྱིན་ཅིག། ཆུའི་ཐིགས་པ་འདི་ཁྱོད་ཀྱི་རླུང་དང་ཉི་མས་མ་ བསྐམས་པར་གྱིས་ཤིག། རི་དྭགས་དང་བྱའི་ཚོགས་རྣམས་ལ་མ་བླུད་ཅིག། ཆུ་གཞན་དང་འདྲེས་པར་ཡང་མ་བྱ་ཞིག། ཆུ་འདི་ཁྱོད་ཀྱིས་སྣོད་དུ་བླུགས་ཏེ་བཅད་ [148B] དེ་དེ་བཞིན་གཤེགས་པས་བླངས་ནས་གངྒཱའི་ཀླུང་ཆེན་པོར་གནག་ན་ཀློང་གིས་དཀྲུགས་པར་མི་འགྱུར་བའི་ས་ཕྱོགས་དེར་བཞག་ནས་ཆུའི་ཐིགས་ པ་དེ་གངྒཱའི་ཀླུང་ཆེན་པོའི་ནང་ན་ཀློང་གིས་མ་དཀྲུགས་ཤིང། རི་དྭགས་དང་བྱའི་ཚོགས་ཀྱིས་མ་འཐུངས་པར་ཆུའི་ཐིགས་པ་དེ་ཆུའི་ཀླུང་ཆེན་པོ་དང་ལྷན་ཅིག་ཏུ་འབབ་ཅིང་རིམ་གྱིས་རྒྱ་མཚོ་ ཆེན་པོར་སོང་ལ། དེ་ནས་ཆུའི་ཐིགས་པ་དེ་རྣམ་པར་འཐོར། རླུང་གི་ཕུང་པོས་ཀྱང་བསྐལ་པའི་མཐའི་བར་དུ་ཟད་པར་མ་གྱུར་ལ་ཡོངས་སུ་བརྟག་པ་བཟུང་སྟེ། མི་དེའང་བསྐལ་པར་གནས་ ཤིང་ཡོངས་སུ་བརྟག་པ་བཟུང་སྟེ། ངའང་བསྐལ་པར་གནས་ལ། དེ་ནི་མི་དེ་བསྐལ་པ་འདས་པ་དང། སླར་ངའི་གན་དུ་འོངས་ནས་འདི་སྐད་ཅེས། ཀྱེ་གོའུ་ཏམ། ཆུའི་ཐིགས་པ་དེ་ བདག་ལ་དགོས་པ་ཞིག་ཡོད་ཀྱི། ཆུའི་ཐིགས་པ་དེ་སླར་བྱིན་ཅིག་ཅེས་ཟེར་ན། ཀུན་དགའ་བོ། བསྐལ་པར་ལོན་ཡང་ཆུའི་ཐིགས་པ་དེ་རྒྱ་མཚོ་ཆེན་པོའི་ཕྱོགས་འདི་ལྟ་བུ་ཞིག་ ན་ཡོད་དོ་ཞེས་དེ་བཞིན་གཤེགས་པས་མཁྱེན་པའི་ཡེ་ཤེས་དེ་དེ་བཞིན་གཤེགས་པ་ལ་མངའོ། །ཀུན་དགའ་བོ། དེ་བཞིན་གཤེགས་པ་ལ་ནི་ཡེ་ཤེས་གང་དང་ལྡན་ན་དེ་ བཞིན་གཤེགས་པས་རྒྱ་མཚོ་ཆེན་པོ་ནས་ཆུའི་ཐིགས་པ་དེ་སྐྲའི་རྩེ་མོ་ཚལ་པ་བརྒྱར་གཤེགས་པ་དེ་ཉིད་ཀྱིས་བླངས་ནས་ཆུ་གཞན་དང་མ་འདྲེས། རླན་པ་གཞན་གྱི་རྗེས་སུ་ [149A]༄༅། །མ་སོང། མ་འབགས་མ་འདྲེས་ལ་མཉམ་ཞིང་ལྷག་ཆད་མེད་པར་སླར་མི་དེ་ལ་སྦྱིན་པའི་ཡེ་ཤེས་མངའོ། །ཀུན་དགའ་བོ། དེ་བཞིན་གཤེགས་པའི་ཡེ་ ཤེས་ནི་དེ་ལྟར་ཡོངས་སུ་དག་གོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དེ་ལྟར་རྫུ་འཕྲུལ་ཆེ་ཞིང་དེ་ལྟར་མཐུ་ཆེ་ལ་དེ་ལྟར་དབང་ཆེ་ བར་གྲགས་པ་སྟེ། དེ་ལྟར་ཡེ་ཤེས་དཔག་ཏུ་མེད་པ་དང་ལྡན་ཞིང་དེ་ལྟར་སྒྲིབ་པ་མེད་པའི་ཡེ་ཤེས་གཟིགས་པ་དང་ལྡན་ནོ། །ཀུན་དགའ་བོ། གང་དག་ལ་ཆུའི་ཐིགས་པ་དེ་ ལྟར་ཆུང་ངུ་བཞག་ཀྱང་ཡུན་རིང་པོ་ཇི་སྲིད་དུའང་ཆུད་ཟ་བར་མི་འགྱུར་བ་དེ་བཞིན་གཤེགས་པ་དེ་ལྟ་བུ་དག་ནི་དམ་པ་དག་གོ་མཆོག་དང་གོ། བཞག་པ་འཛིན་པ་ དག་གོ། །ཀུན་དགའ་བོ། དོན་ཤེས་པར་བྱ་བའི་ཕྱིར་དཔེ་འདི་བསྟན་པ་འདི་ལ་དོན་བརྗོད་པར་བྱ་བ་གང་ཞེ་ན། ཀུན་དགའ་བོ། སྐྲའི་རྩེ་མོ་ཕྲ་བ་ཞེས་བྱ་བ་དེ་ནི་སེམས་ཀྱི་ ཚིག་བླ་དྭགས་སོ། །ཀུན་དགའ་བོ། །གངྒཱའི་ཀླུང་ཆེན་པོ་ཞེས་བྱ་བ་དེ་ནི་འཁོར་བའི་རྒྱུན་གྱི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། ཐིགས་པ་གཅིག་ཅེས་བྱ་བ་ནི་སེམས་ གཅིག་བསྐྱེད་པའི་དགེ་བའི་རྩ་བའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། །རྒྱ་མཚོ་ཆེན་པོ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ [149B] །ཀུན་དགའ་བོ། མི་ཞེས་བྱ་བ་དེ་ནི་བྲམ་ཟེ་དང་ཁྱིམ་བདག་དད་པ་རྣམས་ཀྱི་ཚིག་བླ་དྭགས་སོ། །བསྐལ་པར་གནས་ཞེས་བྱ་བ་དེ་ནི་དེ་བཞིན་ གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་ཆུད་མི་ཟ་བའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། ཇི་ལྟར་མི་ཆེ་གེ་མོ་ཞིག་ཆུའི་ཐིགས་པ་གཅིག་ཡུན་རིང་པོ་ཇི་སྲིད་དུའང་ཆུད་མི་ཟ་བ་ ལྟར། ཀུན་དགའ་བོ། དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་སེམས་གཅིག་བསྐྱེད་པའང་ཆུད་མི་ཟ་ན་དགེ་བའི་རྩ་བ་དེ་ལས་གཞན་པ་ཤིན་ཏུ་ཁྱད་པར་ཅན་རྣམས་ལྟ་ཅི་ སྨོས་ཏེ། ཀུན་དགའ་བོ། དེ་དག་ཐམས་ཅད་ཀྱི་འབྲས་བུ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདའ་བའི་བར་དུ་འགྱུར་བར་ང་སྨྲའོ། །ཀུན་དགའ་བོ། །གཞན་ ཡང་དེ་བཞིན་གཤེགས་པ་ལ་སེམས་ཅན་གང་དག་སེམས་དང་བ་གཅིག་བསྐྱེད་ནས་དེ་ལས་གཞན་པའི་ཉེས་པར་བྱས་པའམ། ཉེས་པར་སྤྱད་པའམ། མི་དགེ་བའི་ སྒྲིབ་པར་འགྱུར་བའི་སེམས་བསྐྱེད་པ། སྔོན་ཉེས་པར་བྱས་པ་བདག་གིས་བསགས་ཤིང་བདག་གིས་བྱས་པ་གཞན་གྱིས་སེམས་ཅན་དམྱལ་བའམ་དུད་འགྲོའི་ སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་སོང་ཡང་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དག་འཇིག་རྟེན་དུ་བྱུང་བ་ན། དེ་དག་གི་ [150A]༄༅། །སངས་རྒྱས་ཀྱི་ཡེ་ཤེས་ཐོགས་པ་མེད་ཅིང་སྒྲིབ་པ་མེད་པས་སེམས་ཅན་འདི་དག་སྔོན་དགེ་བའི་རྩ་བ་བྱས་པ་ལས་ཉེས་པར་སྤྱད་པའི་ལས་འགའ་ ཞིག་གིས་ལོག་པར་ལྟུང་བར་གྱུར་པར་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་དག་སྔོན་བྱས་པའི་དགེ་བའི་རྩ་བ་དང་ལྡན་པར་མཁྱེན་ནས་དགེ་བའི་སེམས་ དེ་དང། དགེ་བའི་རྩ་བའི་བྱིན་གྱི་རླབས་དེ་དང། སྔོན་གྱི་རྒྱུ་དེས་ལོག་པར་ལྟུང་བ་དེ་ལས་འདོན་ནོ། །བཏོན་ནས་མྱ་ངན་ལས་ཟློའོ། །ཞི་བ་བདེ་བའི་ཐང་བསིལ་བ་འཇིགས་ པ་མེད་པ་ཕ་རོལ་གྱི་འགྲམ་དུ་འགོད་དོ། །བཀོད་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག། རིགས་ཀྱི་བུ་དག་ཁྱོད་སྔོན་དགེ་བའི་རྩ་བ་འདི་ལྟ་བུ་ཞིག། དུས་དེ་ལྟ་ བུ་ཞིག་ཏུ། ཚེ་རབས་དེ་ལྟ་བུ་ཞིག་གི་ཚེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྐྱེད་ཅིང་བཞག་པ་དྲན་པར་གྱིས་ཤིག་ཅེས་དྲན་པར་མཛད་ཅིང་བསྐུལ་བ་དང་ དེ་དག་གིས་སངས་རྒྱས་ཀྱི་མཐུས་དྲན་ནས་འདི་སྐད་ཅེས། བཅོམ་ལྡན་འདས། དེ་ལྟར་ལགས་སོ། །བདེ་བར་གཤེགས་པ། དེ་ལྟ་ལགས་སོ་ཞེས་ཟེར་རོ། །དེ་དག་ ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་དག། དགེ་བའི་རྩ་བ་འདི་དག་ནི་སྔོན་གྱི་སངས་རྒྱས་ལ་བསྐྱེད་པ་དེ་དག་ཡིན་ཏེ། མ་ཟད་ [150B] །འདི་ལྟ་སྟེ། སྡུག་བསྔལ་ཐམས་ཅད་ཞི་བ་མྱ་ངན་ལས་འདས་པ་འྡིའང་དེའི་གཞིས་རྙེད་དོ། །རིགས་ཀྱི་བུ་དག། ཁྱེད་ཕ་མེས་ཀྱི་སྤྱོད་ཡུལ་དང། འཕགས་ པའི་སྤྱོད་ཡུལ་དུ་ཕྱིན་ཏོ། །ཁྱོད་ནི་ཡུན་རིང་པོར་སྤྱོད་ཡུལ་མ་ཡིན་པ་ལ་སྤྱོད་སྤྱོད་དོ། །ཐོག་མ་དང་ཐ་མ་མེད་པའི་འཁོར་བར་འཁོར་བར་གྱུར་ཏོ། །རིགས་ཀྱི་བུ་དག། ད་ལྟ་བུ་ དག་ལ་དགེ་བའི་རྩ་བ་བཞག་པ་ནི་བཞག་པ་ཆུད་མི་ཟའོ། །ཀུན་དགའ་བོ། འདི་ལྟ་སྟེ། དཔེར་ན། རྒྱལ་པོའི་བུའམ་ཚོང་དཔོན་གྱི་བུ་ཞིག་ཉེས་པ་འགའ་ཞིག་གིས་བཙོན་རར་ བཅུག་ལ་དེ་སྔོན་གྱི་ཉེས་པ་གླེངས་ཤིང་སྤྱོས་ནས་དེ་སླར་མྱུར་དུ་ཕྱུང་བ་དེ་བཞིན་དུ། ཀུན་དགའ་བོ། གང་དག་སྔོན་གྱི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་དེ་དག་ཉེས་ པར་བྱས་པ་འགའ་མ། དེ་ལས་གཞན་པའི་ཉེས་པས་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་སོང་ཡང། གང་གི་ཚེ་སངས་ རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དག་འཇིག་རྟེན་དུ་བྱུང་བ་ན་སེམས་ཅན་གང་དག་ཁ་ཅིག་གིས་དགེ་བའི་སེམས་གཅིག་བསྐྱེད་པར་གྱུར་པ་དེ་དག་ དགེ་བའི་རྩ་བ་དེ་དང། སེམས་དེ་དང། དགེ་བའི་རྩ་བའི་བྱིན་གྱི་རླབས་དེ་དང། རྒྱུ་དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སེམས་ཅན་དེ་དག་སྐྱོན་གྱི་དགེ་བའི་རྩ་ [151A]༄༅། །བ་དང་ལྡན་པར་མཁྱེན་ནས་ལོག་པར་ལྟུང་བ་དེ་ལས་བཏོན་ཏེ་མྱ་ངན་ལས་འདས་པའི་ཐང་བསིལ་པ་འཇིགས་པ་མེད་པ་ལ་འགོད་དོ། །བཀོད་ནས་ ཀྱང། རིགས་ཀྱི་བུ་དག་ཁྱེད་དགེ་བའི་རྩ་བ་དེ་ལྟ་བུ་དེ་དྲན་པར་གྱིས་ཤིག་ཅེས་བསྐུལ་བ་དང། དེ་དག་གིས་གསོལ་པ། བཅོམ་ལྡན་འདས། དེ་ལྟ་ལགས་སོ། །བདེ་བར་ གཤེགས་པ། དེ་ལྟ་ལགས་ཏེ་སངས་རྒྱས་ཀྱི་མཐུ་དང། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་དྲན་ལགས་སོ་ཞེས་ཟེར་རོ། །དགེ་བའི་རྩ་བའི་ལེའུ་སྟེ་དགུ་པ་རྫོགས་སོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། ང་ལྟ་བུ་དག་ལ་ དགེ་བའི་རྩ་བ་ཇི་ཙམ་དུ་ཆུང་བ་བྱས་པའང་ཆུད་མི་ཟ་ཞིང་སེམས་གཅིག་བསྐྱེད་པའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་ མྱ་ངན་ལས་འདའ་བར་ང་སྨྲའོ། །ཀུན་དགའ་བོ། དེ་བས་ན་དོན་དེ་ཉིད་རྒྱ་ཆེར་རབ་ཏུ་བརྗོད་པ་དང། ཅི་ནས་ཀྱང་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་མཁས་ པ་ཁ་ཅིག་རྒྱ་ཆེར་མངོན་པར་དད་པ་དང། ཀུན་ཏུ་རྟོག་པ་དང་ནན་ཏན་སྐྱེད་པ་དང། མངོན་པར་དད་ནས་རྒྱ་ཆེར་དགའ་བ་དང་མཆོག་ཏུ་དགའ་པ་ཆེན་པོ་བསྐྱེད་ [151B] །ཀུན་དགའ་བོ། འདི་ལྟ་སྟེ། དཔེར་ན། ཉ་བ་མཆིལ་པ་ཐོགས་པས་ཉ་གཤོར་བའི་ཕྱིར་མཆིལ་པ་གཟན་མ་དང་བཅས་པ་མཚོ་ཆུ་ ཆེན་པོར་བཅུག་ལ་དེར་བཅུག་པ་དེ་ཉས་མིང་པར་གྱུར་ན་མཆིལ་པ་མིད་པའི་ཉ་དེ་མཚོ་ཆུའི་ནང་ན་འྥྱོའང་སྐམ་ལ་འདུག་པ་ཉིད་དུ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཉ་ དེ་ཉ་པས་མཆིལ་པའི་སྲད་བུ་སྲ་བས་ཟིན་པའི་ཕྱིར་རོ། །ཅི་སྟེ་ཉ་དེ་མཆིལ་པ་དང་བཅས་པར་ཆུའི་ནང་དུ་སོང་པར་གྱུར་ལ་སྲད་བུའང་མཆིལ་པ་དང་འབྲེལ་པར་གྱུར་ན་ཆུའི་ནང་ ན་འདུག་པའང་ཡིན་ལ། སྐམ་ལ་འདུག་པའང་ཡིན་ཏེ། ཡུ་བ་སྐམ་ལ་འདུག་ཅིང་ལེགས་པར་ཟིན་ན་ཉ་བ་དེ་འོངས་ནས་སྲད་བུ་དེས་ཉ་ཟིན་པར་ཤེས་ཏེ་དེས་སྲད་བུ་དེས་དྲངས་ ནས་ཇི་ལྟར་འདོད་པར་སྐམ་ལ་ཕྱུང་སྟེ་དགའ་མགུར་བྱ་བ་བྱེད་པའི་དུས་དེ་ཡོད་དོ། །ཀུན་དགའ་བོ། དེ་བཞིན་དུ་སེམས་ཅན་གང་དག་སངས་རྒྱས་བཅོམ་ལྡན་འདས་ལ་ སེམས་དང་བར་བྱེད། དགེ་བའི་རྩ་བསྐྱེད་པར་བྱེད། ཡོན་འབུལ་ཞིང་ཐ་ན་སེམས་དང་བ་གཅིག་ཙམ་ཡང་བསྐྱེད་ན། ཉེས་པར་བྱས་པའི་ལས་སྒྲིབ་པར་འགྱུར་བ་གཞན་ གྱིས་བསྒྲིབས་པས་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ་གཤིན་རྗེའི་འཇིག་རྟེན་ནམ། དེ་ལས་གཞན་པའི་མི་ཁོམ་པ་ལོག་པར་ལྟུང་བར་སོང་ཡང་ [152A]༄༅། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་ཕྱུང་བ་ན་དེ་དག་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སེམས་ཅན་འདི་དག་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ པའོ། །སེམས་ཅན་འདི་དག་ནི་རང་སངས་རྒྱས་ཀྱི་ཐེག་པ་པའོ་།སེམས་ཅན་འདི་དག་ནི་ཉན་ཐོས་ཀྱི་ཐེག་པ་པའོ། །སེམས་ཅན་འདི་དག་ནི་དགེ་བའི་རྩ་བ་བྱས་པའོ། །སེམས་ ཅན་འདི་དག་ནི་དགེ་བའི་རྩ་བ་ཆད་པའོ། །སེམས་ཅན་འདི་དག་ནི་ཉམས་པའི་ཆ་དང་མཐུན་པའོ། །སེམས་ཅན་འདི་དག་ནི་ཁྱད་པར་དུ་འགྱུར་པའི་ཆ་དང་མཐུན་པའོ། ། འདི་དག་ནི་དགེ་བའི་ཆོས་རྟོགས་པས་ས་བོན་བཏབ་པ་དག་གོ། འདི་ལྟ་སྟེ། འདི་ནི་སངས་རྒྱས་ལ་ཡོན་འབུལ་བ་ཐ་ན་དད་པ་དང་ལྡན་པའི་སེམས་གཅིག་བསྐྱེད་པའི་ དགེ་བའི་ཆོས་རྣམ་པར་དག་པས་ས་བོན་བཏབ་པའོ་ཞེས་མཁྱེན་ཏོ་།ཡོན་གང་གི་རྣམ་པར་སྨིན་པས་གང་དག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དད་ པའི་སེམས་བསྐྱེད་པ་གཅིག་ཙམ་ཡང་བསྐྱེད་པར་འགྱུར་བ་དེ་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སེམས་བསྐྱེད་པའི་ཁྱད་པར་ དེ་དག་གིས་ལོག་པར་ལྟུང་པ་དེ་ལས་འདོན་ནོ། །བཏོན་ནས་ཀྱང་མྱ་ངན་ལས་འདས་པའི་ཐང་བདེ་བ་ལ་འགོད་དོ། །བཀོད་ནས་ཀྱང་རིགས་ཀྱི་བུ་ཁྱེད་དགེ་བའི་རྩ་བ་ [152B]དྲན་པར་གྱིས་ཤིག་ཅེས་སྐུལ་ཏོ། །གསོལ་པ། བཅོམ་ལྡན་འདས། དེ་ལྟ་ལགས་སོ། །བདེ་བར་གཤེགས་པ། དེ་ ལྟ་ལགས་སོ། །བཀའ་སྩལ་པ། དེ་བས་ན། རིགས་ཀྱི་བུ་དག། དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བའི་དགེ་པའི་རྩ་བ་འདི་དག་ནི་འབྲས་བུ་ཆེན་པོ་དང་རྙེད་པ་ཆེན་པོ་དང་ལྡན་ པ་དག་སྟེ། རིགས་ཀྱི་བུ་དག། ང་ལྟ་བུ་དག་ལ་བཞག་པ་བསོད་ནམས་ཀྱི་ཞིང་ཆེན་པོ་ལ་བཏབ་པ་དེ་དག་ནི་ཐ་ན་ཡུན་རིང་པོ་ཇི་སྲིད་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུའང་ ཆུད་ཟ་བར་མི་འགྱུར་རོ། །དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདའ་བར་འགྱུར་རོ། །ཀུན་དགའ་བོ། དོན་ཤེས་ པར་བྱ་བའི་ཕྱིར་ངས་དཔེ་འདི་བྱས་པ་འདི་ལ་དོན་དུ་བལྟ་བ་གང་ཞེ་ན། ཀུན་དགའ་བོ། ཉ་ཞེས་བྱ་བ་དེ་ནི་སོ་སོའི་སྐྱེ་བོའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། །མཚོ་ཆུ་ཞེས་བྱ་ བ་དེ་ནི་འཁོར་བའི་རྒྱ་མཚོའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ་མཆིལ་པ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པའི་ཚིག་བླ་དྭགས་སོ། །ཀུན་དགའ་ བོ༑ སྲད་བུ་ཞེས་བྱ་བ་དེ་ནི་བསྡུ་བའི་དངོས་པོ་བཞིའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། ཉ་བ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ་ [153A]༄༅། །ཉ་གསོན་པོ་ཞེས་བྱ་བ་དེ་ནི་སེམས་ཅན་རྣམས་མྱ་ངན་ལས་འདའ་བའི་འབྲས་བུ་ལ་འགོད་པའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། རྣམ་གྲངས་འདིས་ ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། གང་སངས་རྒྱས་ལ་ཡོན་ཕུལ་ནི་ཇི་སྲིད་མྱ་ངན་ལས་འདའ་བར་འགྱུར་བ་མ་གཏོགས་པར་ཇི་སྲིད་ཡུན་རིང་བར་ཡང་འཇིག་པ་ མེད། ཡོངས་སུ་ཟད་པ་མེད། མཐར་ཐུག་པ་མེད་དོ། །ཀུན་དགའ་བོ་དེའི་ཕྱིར་སངས་རྒྱས་ལ་ཕུལ་བའི་ཡོན་ཇི་ལྟར་མྱ་ངན་ལས་འདའ་བས་ཀླས་ཤིང་མྱ་ངན་ལས་ འདས་པའི་མཐས་གཏུགས་པར་འགྱུར་བའི་དབེ་གཞན་དག་ཀྱང་ཁྱོད་ལ་བསྟན་པར་བྱའོ། །ཀུན་དགའ་བོ། སེམས་ཅན་སྲེད་པ་ལ་སྤྱོད་པ། ཚོར་བ་ལ་ཆགས་པ་ མྱོང་བ་འདོད་པས་འཁོར་བ་ལ་མངོན་པར་བསྟོད་པ། འཁོར་བ་ལ་དགའ་བ། འཁོར་བ་འདོད་པས་སངས་རྒྱས་བཅོམ་ལྡན་འདས་ལ་ཡོན་འབུལ་ཞིང་མཐོ་རིས་ འདོད་པ་དང། མིར་འགྱུར་བ་འདོད་པའི་ཕྱིར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དག་ཀྱང་ཡོད། སངས་རྒྱས་བཅོམ་ལྡན་འདས་ལ་ཡོན་ཕུལ་ནས་དགེ་བའི་རྩ་བ་འདིས་ བདག་ཅག་ནམ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་མ་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བའི་སེམས་ཅན་དག་ཀྱང་ཡོད་མོད་ཀྱི། ཀུན་དགའ་བ་དག་པའི་རྩ་བ་དེས་ [153B]བའི་གནས་མེད་སྐབས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་པོ་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི་བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་ཐ་བ་དང་ཚེར་མ་མེད་པ། འདོད་ཆགས་དང། ཞེ་སྡང་གི་དྲི་མ་མེད་པ་ཡོངས་སུ་དག་པ་སྟེ། དེ་ལ་དགེ་བའི་རྩ་བའི་ས་བོན་ཇི་ ཙམ་དུ་ཆུང་བ་དང། དགེ་བའི་རྩ་བའི་ས་བོན་ཇི་ཙམ་དུ་རྒྱས་པ་དང། ཇི་ཙམ་དུ་ཕྲ་བའང་རུང། ཇི་ཙམ་དུ་བྱང་ཆུབ་ཀྱི་ས་བོན་དུ་འགྱུར་བའམ། ཉན་ཐོས་ཀྱི་ས་བོན་དུ་ འགྱུར་བའམ། རངས་སངས་རྒྱས་ཀྱི་ས་བོན་དུ་འགྱུར་བའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་སླུ་བར་མི་བྱེད་དེ། ཡོངས་སུ་མ་བཏང་ན་ལོངས་སྤྱོད་འཕེལ་བ་ཕུན་སུམ་ཚོགས་ པར་འགྱུར་ཞིང་སེམས་དང་བས་མཐོ་རིས་སུ་འགྱུར་བའི་ལམ་ཡོངས་སུ་དག་པ་དང། མྱ་ངན་ལས་འདའ་བའི་མཐར་ཐུག་པར་འགྱུར་རོ། །ཀུན་དགའ་བོ། །འདི་ལྟ་སྟེ་ དཔེར་ན། ཁྱིམ་བདག་ཞིང་པའི་ཞིང་ངོ་མེད་པ། སྡོང་དུམ་དང་ཚེར་མ་མེད་པ། གྱོ་མོ་དང་གསེག་མ་མེད་པ། ས་སྣག་ཆེ་བ་ཞིག་ཡོད་པར་གྱུར་ཏེ། ལེགས་པར་རྨོས་ ཤིང་ལག་བྱད་ཀྱི་ས་ཕྱིན་པར་བྱས་ལ། དེའི་ས་བོན་ཡང་སར་པ་གྲུང་པོ་ཆེས་ལེགས་པར་བྱས་པ། རླུང་དང་ཉི་མས་མ་སྣད་པ། མ་ཆག་མ་གྲུགས་ཤིང་མ་རུལ་ཏེ་ [154A]༄༅། །ཆུང་མ་ཟོས་པར་གྱུར་ལ། ས་པོན་དེ་དག་དུས་དང་ཚིགས་སུ་ཞིང་ལ་བཏབ་སྟེ་དུས་དུས་སུ་ཆུས་བཅུས། དུས་སུ་བསྐམས། ཐམས་ཅད་ལས་ལེགས་ པར་བསྲུངས་ནས། ཀུན་དགའ་བོ། དེ་ནས་ཁྱིམ་པ་ཞིང་པ་དེ་དུས་གཞན་ཞིག་ན་ཞིང་གི་དྲུང་དུ་སོང་སྟེ་ཞིང་གི་མུར་འདུག་ནས་ཀྱེ་ས་བོན་ཁྱེད་ས་བོན་དུ་མ་གྱུར་ཅིག་ ཀྱེ་ས་བོན་ཁྱེད་མ་སྐྱེ་ཞིག་མ་འཕེལ་ཞིག། ང་ལ་འབྲས་བུ་མི་དགོས། རྙེད་པ་མི་དགོས་སོ་ཞེས་དེ་སྐད་ཟེར་ན། ཀུན་དགའ་བོ། དེ་ཇི་སྙམ་དུ་སེམས། ཁྱིམ་བདག་ཞིང་ པ་དེའི་ཚིག་གིས་ས་བོན་དེ་དག་ས་བོན་མ་ཡིན་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བདེ་བར་གཤེགས་པ། མ་ལགས་སོ་།བཀའ་སྩལ་ པ༑ འབྲས་བུ་དེ་འབྲས་བུ་མ་ཡིན་པར་འགྱུར་རམ། རྙེད་པ་མངོན་པར་མི་འགྲུབ་བམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བདེ་བར་གཤེགས་པ། མ་ ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ། དེ་བཞིན་དུ་སྲིད་པ་ལ་བསྟོད་ཅིང་སྲིད་པ་ལ་དགའ་བས་སངས་རྒྱས་ལ་ཡོན་ཕུལ་ནས་དགེ་བའི་རྩ་བ་འདིས་བདག་ཅག་ ནམ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་མ་གྱུར་ཅིག་ཅེས་དེ་སྐད་ཟེར་ཡང་དེས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་བའི་གནས་མེད་གོ་སྐབས་མེད་ཀྱི། ཀུན་ [154B] སངས་རྒྱས་ལ་བསྐྱེད་པའི་དགེ་བའི་རྩ་བ་དེ་དག་མི་འདོད་ཀྱང་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། ཐམ་མྱ་ངན་ལས་འདས་པ་རེ་བར་དུ་འགྱུར་པར་ང་སྨྲའོ། །དེ་ལྟར་ ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་གཅིག་བསྐྱེད་པའི་དགེ་བའི་རྩ་བ་བསྐྱེད་པ་དེ་དག་ཐམས་ཅད་ཀྱི་འབྲས་བུའམ་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ ལས་འདའ་བའི་བར་དུ་འགྱུར་བར་ད་སྨྲའོ། །ཀུན་དགའ་བོ། མ་འོངས་པའི་དུས་ན་རྒྱལ་པོ་རྐུ་འཕྲོག་བྱེད་པ་དང་ཀླ་ཀློ་དག་འབྱུང་བར་འགྱུར་ཏེ། ཀུན་དགའ་བོ། །དེར་རྒྱལ་པོ་རྐུ་ འཕྲོག་བྱེད་པ་དང། ཀླ་ཀློ་གང་དག་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་དང། དེ་བཞིན་གཤེགས་པའི་སྐུ་གཟུགས་མཐོང་ནས་སེམས་དང་བར་གྱུར་པ་དེ་དག། ཀུན་ དགའ་བོ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མི་ཤེས་ཤིང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་མི་ཤེས་སུ་ཟིན་ཀྱང། ཀུན་དགའ་བོ། ངས་བྱང་ཆུབ་སེམས་དཔའི་སྤྱད་ པ་སྤྱོད་པའི་ཚེ་འགྲོ་བ་དེ་དང་དེ་དག་དང། སྐྱེ་བ་དེ་དང་དེ་དག་ཏུ་བསྡུ་བའི་དངོས་པོ་བཞིས་བསྡུ་པ་བྱས་སོ། །བཞི་གང་ཞེ་ན། སྦྱིན་པ་དང། སྙན་པར་སྨྲ་བ་དང། དོན་སྤྱད་ལ་ དང། དོན་མཐུན་པའོ། །ཀུན་དགའ་པོ། དེ་དག་ངའི་མཆོད་རྟེན་མཐོང་ནས་ངེས་པར་སེམས་དང་བར་འགྱུར་རོ། །ཀུན་དགའ་བོ། དེ་དག་གི་དགེ་བའི་རྩ་བའི་འབྲས་བུ་དེའང་ [155A]༄༅། །མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདའ་པའི་བར་དུ་འགྱུར་བར་ང་སྨྲའོ། །གང་མཐའ་འཁོབ་ཀྱི་རྒྱལ་པོ་རྐུ་གསོད་བྱེད་པ་དང། ཀླ་ཀློ་དེ་ དག་གི་རྐུ་ལག་དང། བློན་པོ་དང། གཞོན་ནུ་དང། རྩིས་མཁན་དང། སྣ་ཆེན་པོ་ལ་གཏོགས་པ་དང། འཁོར་དང། མཛའ་བ་བཤེས་དང། ཉེ་དུ་དང། གྲོགས་དང། སྣག་ གི་གཉེན་མཚམས་སུ་གྱུར་པ་གང་ཡིན་པ་དེ་དག་གིས་ང་མྱ་ངན་ལས་འདས་པའི་མཆོད་རྟེན་མཐོང་ནས་ཚོགས་ཆུང་དུས་སེམས་དང་བར་གྱུར་ན། ཀུན་དགའ་བོ་ དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་སམ། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱིས་དགེ་བའི་རྩ་བ་བསྐྱེད་པར་འགྱུར་ཏེ། ཀུན་དགའ་བོ། དེ་དག་ཀྱང་ངས་སྔོན་ བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བསྡུ་བའི་དངོས་པོ་བཞིས་ཡང་དག་པར་བསྡུས་སོ། །ཀུན་དགའ་བོ། དེ་དག་གི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་ བུའང་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདའ་བར་ང་སྨྲའོ། །ཀུན་དགའ་བོ། ངས་ཡུན་རིང་པོ་ནས་སྐྱེ་དགུ་འདི་དག་བསྡུ་བའི་དངོས་པ་བཞིས་བསྡུས་པ་ དང། ཡུན་རིང་པོ་ནས་སྣགས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་དང་ལྡན་པར་བྱས་པ་ལ་ལྟོས། ཀུན་དགའ་བོ། དེ་བཞིན་གཤེགས་པ་ལམ་དུ་ཞུགས་ཏེ་ [155B] ས་མཐོན་པོ་ནི་དམའ་བར་འགྱུར། ས་ཕྱོགས་མི་མཉམ་པ་ནི་མཉམ་པར་འགྱུར། རབ་ཏུ་དམའ་བ་ནི་རབ་ཏུ་མཐོན་པོར་འགྱུར་བ་ དང། དེ་བཞིན་གཤེགས་པ་བཞུད་པའི་འོག་ཏུ་སྔ་མཁོ་བཞིན་དུ་གནས་པར་འགྱུར་པ་དང། ཤིང་ཐམས་ཅད་འདུད་པ་དང། ཤིང་གི་ལྷ་ཐམས་ཅད་ཕྱག་འཚལ་པ་དང། དེ་ བཞིན་གཤེགས་པ་བཞུད་པའི་འོག་ཏུ་སླར་སྔ་མཁོ་བཞིན་དུ་གནས་པར་འགྱུར་པ་དང། ངམ་གྲོག་དང། གཡངས་ས་དང། ཤོང་ཁུང་དང། རྩྭ་དང། སྡོང་དུམ་དང། ཚེར་མ་ དང། གྱོ་མོ་དང། གསེག་མ་དང། ཐིབས་པོ་དང། གཡང་ས་མི་བདེ་བ་དེ་དག་ཐམས་ཅད་ཀྱང་འདུད་པ་དང། མཉམ་པ་དང། གཙང་བ་དང། ཤིན་ཏུ་སྦྱངས་པ་དང། མི་ གཙང་པ་མེད་པ་དང། མེ་ཏོག་བསུང་ཞིམ་ཞིང་ཡིད་དུ་འོང་པ་བཀྲམ་པར་འགྱུར་རོ། །ཀུན་དགའ་བོ། དེ་བཞིན་གཤེགས་པས་འདི་ལྟར་སྔོན་དགེ་བ་རྣམས་ལེགས་ པར་བྱས་པའི་ཕྱིར་ལམ་དུ་བཞུད་པ་ན་གཙང་མར་བཞུད་དོ། །ཀུན་དགའ་བོ། དེ་བཞིན་གཤེགས་པ་ལམ་དུ་ཞུགས་པ་ན་སེམས་ཅན་གང་མི་འདུད་པ་དེ་ལྟ་བུ་དེ་མོད་པ་ མ་ཡིན་པ་དང། གང་སེམས་མེད་པའི་དངོས་པོ་རི་དང། ངམ་གྲོག་དང། གཡང་ས་དང། ཤིང་དང། རྩྭ་དང། ཤིང་གེལ་པ་དང་སྨན་དང། ནགས་ཚལ་སའི་སྟེང་ན་ [156A]༄༅། །ཡོད་པ་དག་དེ་བཞིན་གཤེགས་པ་ལ་མ་དུ་བཞུད་པ་ག་ལ་བ་ལོགས་སུ་མི་འདུད་པ་དེ་དག་མོང་བ་མ་ཡིན་པ་ལ་ལྟོས། དེ་ཅིའི་ཕྱིར་ཞེ་ན། ཀུན་ དགའ་བོ། འདི་ལྟར་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པ་ཉིད་ན་བླ་མ་ལ་བཏུད། རབ་ཏུ་བཏུད། ཕྱག་འཚལ་ཅིང་གནས་ཕ་མ་ལ་རབ་ཏུ་གུས་པར་བཏུད་ཅིང་ གནས། རྒན་པ་དང་བར་མ་དང་གཞོན་པ་དང། མཛའ་བཤེས་དང་ཉེ་དུ་དང། སྣག་གི་གཉེན་མཚམས་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། དགེ་བའི་ བཤེས་གཉེན་དང། ཉན་ཐོས་དང་རང་སངས་རྒྱས་དང། མངོན་པར་ཤེས་པ་ལྔ་དང་ལྡན་པ་དང། དེ་བཞིན་དུ་དེ་ལས་གཞན་པ་དགེ་སྦྱོང་དང། བྲམ་ཟེ་རྣམས་ལ་བཏུད་ ངས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། དགེ་བའི་བཤེས་གཉེན་དང། ཉན་ཐོས་དང། རང་སངས་རྒྱས་དང། ཕྱི་རོལ་པའི་དྲང་སྲོང་དང། དགེ་སྦྱོང་དང་ བྲམ་ཟེ་དང། ཕ་མ་དང། མཛའ་བཤེས་དང། ཉེ་དུ་དང་སྣག་གི་གཉེན་མཚམས་དེ་དག་ཐམས་ཅད་དང། དེ་ལས་གཞན་པ་རྒན་པ་དང་བར་མ་དང། གཞོན་ པ་དང། གྲོགས་པོ་རྣམས་ལ་ཡིད་རབ་ཏུ་དམའ་བར་བྱས་ཏེ་ལུས་ཀྱིས་ཕྱག་བྱས་ཤིང་དག་གིས་དེ་དག་ལ་བླ་མར་བྱ་བའི་སྒོ་དེ་ནས་མངོན་པར་བཏུད་དོ། །ཀུན་ [156B] ངའི་ལས་དགེ་བའི་རྣམ་པར་སྨིན་པ་དེས་དེ་བཞིན་གཤེགས་པ་བྱང་ཆུབ་བརྙེས་ནས་དེ་བཞིན་གཤེགས་པ་ལམ་དུ་བཞུད་པའི་ཚེ་དངོས་པོ་གང་སེམས་ཡོད་པའམ་སེམས་ མེད་པའང་རུང་མ་གུས་པ་དང། མི་འདུད་པ་དང། རབ་ཏུ་མི་འདུད་པ་དེ་དག་མོད་པ་མ་ཡིན་ནོ། །ཀུན་དགའ་བོ། ངས་བླ་མ་ལྟ་བུ་དང། དེ་བཞིན་གཤེགས་པ་དང། སེམས་ཅན་ རྣམས་ལ་སྦྱིན་པ་གཙང་བ་དང། བཟའ་བ་དང། ཡིད་དུ་འོང་བ་མང་པོ་རང་གིས་ལག་དར་ནས་སྦྱིན་པ་བྱིན་ཏེ། ཀུན་དགའ་བོ། ལས་དེའི་རྣམ་པར་སྨིན་པ་དེས་དེ་བཞིན་ གཤེགས་པ་ལམ་དུ་བཞུད་པ་ན་བཟང་ཞིང་གཙང་ལ་ཤིན་ཏུ་སྦྱངས་ཏེ། ཤིང་དང། བོང་བ་དང། འདམ་རྫབ་རྣམས་བསལ་བར་གྱུར་ཏོ། །ཀུན་དགའ་བོ། ང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང། སེམས་ཅན་ཐམས་ཅད་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང། ལྷ་ དང་མི་རྣམས་ཀྱི་དོན་དང། ཕན་པ་དང་བདེ་བའི་ཕྱིར་ངས་རྟག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། དགེ་བའི་བཤེས་གཉེན་དང། ཉན་ཐོས་དང། རང་སངས་རྒྱས་ དང། ཕྱི་རོལ་བའི་དྲང་སྲོང་མང་པོ་རྣམས་ལམ་དུ་ཞུགས་པ་ན་ལམ་ཕྱག་དར་བྱས་སོ། །གནས་དང། འཆགས་དང། འདུག་གནས་རྣམས་ཕྱག་དར་བྱས་སོ། །ངས་དེ་ [157A]༄༅། །བཞིན་གཤེགས་པའི་མཆོད་རྟེན་དག་བྱམས་པའི་སེམས་དང་སྙོམས་པའི་སེམས་དང། མི་མཉམ་པ་མེད་པའི་སེམས། གྱ་གྱུ་མེད་ བའི་སེམས་དང། ཕན་པའི་སེམས་ཀྱིས་ཕྱག་དར་བྱས་སོ། །གཙང་མར་བྱས་སོ། །ཀུན་དགའ་བོ། དགེ་བའི་རྩ་བ་དེས་དེ་བཞིན་གཤེགས་པ་ས་ཕྱོགས་ གང་དང་གང་ན་བཞེངས་སམ། བཞུགས་སམ། འཆག་གམ། མནལ་བ་མཛད་དམ། ལམ་དུ་ཞུགས་ཀྱང་རུང། ཚེགས་ཆུང་དུས་ས་ཕྱོགས་དེ་དག་གཙང་ཞིང་དག་ལ་ མཉམ་སྟེ་ལག་མཐིལ་ལྟ་བུར་གྱུར་ཏོ། །ཀུན་དགའ་བོ། གང་དེ་བཞིན་གཤེགས་པའི་སྐུའི་འཕྲིན་ལས་ཀྱི་ཁྱད་པར་གང་ཡིན་པ་དེ་དག་གི་མཐའ་ནི་རྟོགས་པར་སླ་བ་མ་ ཡིན་ནོ། །ཀུན་དགའ་བོ། དེ་བས་ན་དོན་དེ་རྒྱ་ཆེར་ཡོངས་སུ་རྫོགས་པར་བྱ་བ་དང། འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་ཁ་ཅིག་ཅི་ནས་ཀྱང་དེ་བཞིན་གཤེགས་ པ་ལ་དགའ་བ་དང། སེམས་དང་བ་དང་གུས་པ་དང། རི་མོར་བྱེད་པར་ཆེན་པོ་རྒྱས་པར་བསྐྱེད་པའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བྱའོ། །ཀུན་དགའ་བོ། །རིའི་རྒྱལ་པོ་རི་ རབ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ནི་རྒྱ་མཚོ་ཆེན་པོའི་ནང་ནས་བྱུང། དཔག་ཚད་བརྒྱད་ཁྲི་བཞི་སྟོང་ནི་ཆུའི་ནང་དུ་ནུབ་པའི་རིའི་རྒྱལ་པོ་ཆེན་པོ་དེ་སྲ་བ་རྡོ་རྗེ་ལྟར་ [157B] ཀུན་དགའ་བོ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་དབུ་སྐྲ་སྣད་བར་བྱ་བར་ཡང་སླ་བ་མ་ཡིན་ན། གཅིག་ཙམ་བསྒྱུར་ཞིང་འགྱུར་བར་ དབྱུང་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །ཀུན་དགའ་བོ། རིའི་རྒྱལ་པོ་རི་རབ་ལྟ་ཞོག་ལ། ཀུན་དགའ་བོ། གང་རིའི་རྒྱལ་པོ་ཁོར་ཡུག་དང། ཁོར་ཡུག་ཆེན་པོ་འཕང་དུ་དཔག་ ཚད་དྲུག་ཁྲི་བརྒྱད་སྟོང་ཡོད་པ་རིའི་རྒྱལ་པོ་ཁོར་ཡུག་དང་ཁོར་ཡུག་ཆེན་པོ་རྡོ་རྗེ་ལྟ་བུ་གང་ཡིན་པ་དེ་དག་གིས་ཀྱང། ཀུན་དགའ་བོ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་ འདས་པའི་དབུ་སྐྲ་འདུད་པའམ། ཡོངས་སུ་འདུད་པའམ། དབྱུང་བར་ཡང་སླ་བ་མ་ཡིན་ན་མེད་པར་བྱ་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། འདི་ ལྟར་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། གང་ངས་སྔོན་ཕྱེ་བའི་སེམས་ཅན་གང་ཡང་རྙེད་པར་སླ་བ་མ་ཡིན་ཏེ། ཀུན་དགའ་བོ། ངས་ནི་སེམས་ཅན་འཐབས་ཤིང་བྱེ་བ་ རྣམས་འདུམ་ཞིང་མཐུན་པ་ལ་བཀོད་ནས་བརྟན་པ་དང། མི་ཕྱེད་པ་དང། གཅིག་ལ་གཅིག་བྱམས་པའི་སེམས་དང། ཕན་པའི་སེམས་དང་ལྡན་པར་བྱས་སོ། །ཀུན་དགའ་བོ་ རྣམ་གྲངས་དེ་དང། དགེ་བའི་རྩ་བ་དེས་དེ་བཞིན་གཤེགས་པའི་སྐུ་མི་ཕྱེད་པ་དང། ཀུན་དགའ་བོ། དེ་བཞིན་གཤེགས་པའི་ཞབས་འབྲིང་འཁོར་མི་ཕྱེད་པར་གྱུར་ཏོ། །ཀུན་ [158A]༄༅། །དགའ་བོ། དེ་བཞིན་གཤེགས་པའི་ཞབས་འབྲིང་འཁོར་ཀྱང་གང་ཞེ་ན། ཀུན་དགའ་བོ། དེ་བཞིན་གཤེགས་པའི་ཞབས་འབྲིང་འཁོར་ནི་ཆོས་ཡིན་ཏེ་ འདི་ལྟ་སྟེ། དྲན་པ་ཉེ་བར་བཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་ བདུན་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། ཀུན་དགའ་བོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི་དེ་བཞིན་གཤེགས་པའི་ཞབས་ འབྲིང་འཁོར་ཆེན་པོ་ཡིན་ནོ། །གང་དེ་བཞིན་གཤེགས་པས་ཉན་ཐོས་གང་དག་དེ་དག་བཀོད་པ་དེ་དག་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་དབྱེ་མི་ནུས་སོ། །དེ་ཅིའི་ ཕྱིར་ཞེ་ན། ཀུན་དགའ་བོ། འདི་ལྟར་ཆོས་འདི་ལྟ་བུ་འདིའི་ཆོས་ཉིད་འདི་ཡིན་ཏེ། གང་ལྷ་དང་བཅས་ཚངས་པ་དང་བཅས་པའི་འཇིག་རྟེན་དང། དགེ་སྦྱོང་དང་བྲམ་ ཟེར་བཅས་པའི་སྐྱེ་དགུ་འཁོར་དང་བཅས་པ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་དང། རི་རབ་དང། ཁོར་ཡུག་དང། ཁོར་ཡུག་ཆེན་པོ་དང་བཅས་པའི་ས་ཆེན་པོ་དེ་ དག་གིས་ཐན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་དབུ་འདུད་པར་ཡང་སླ་བ་མ་ཡིན་ན་དབྱེ་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ [158B] ཀུན་དགའ་བོ། འདི་ལྟར་དེ་བཞིན་གཤེགས་པའི་སྐུ་མི་ཕྱེད་པ་དང། སྐུ་གདུང་རྣམས་མི་ཕྱེད་པ་ཡིན་པའི་ཕྱིར་རོ། །ཀུན་དགའ་བོ། སེམས་ཅན་རྣམས་ལ་སྙིང་བརྩེ་བ་དང་བསྟན་པ་ རྒྱས་པར་བྱ་བའི་ཕྱིར་སྔོན་གྱི་སྨོན་ལམ་གྱིས་དེ་བཞིན་གཤེགས་པས་སྐུ་གདུང་རྣམས་ཡུངས་འབྲུ་ཙམ་དུ་བྱིན་གྱིས་བརླབས་སོ། །ཀུན་དགའ་བོ། དེ་བཞིན་གཤེགས་པ་སྔོན་བྱང་ ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རྣམས་ རྒྱས་པར་གྱུར་ཅིག་ཅེས་ངེས་པར་དེ་ལྟར་སེམས་བསྐྱེད་དེ། ཀུན་དགའ་བོ། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རྣམས་རྒྱས་པར་འགྱུར་བ་ འྡིའང་སྔོན་གྱི་སྨོན་ལམ་གྱི་དབང་གིས་གྱུར་ཏོ། །ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེའང་གདུལ་བའི་སེམས་ཅན་དེ་དག་གིས་བཅོམ་ལྡན་འདས་མཐོང་བར་འགྱུར་ ཏེ། དེ་དག་གི་དོན་དང་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་སྐུ་གདུང་ཕྱེ་བ་དང། སྐུ་གདུང་ཡུངས་འབྲུ་ཙམ་དག་ཏུ་བྱིན་གྱིས་བརླབས་སོ། །ཀུན་དགའ་བོ། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཇི་ལྟར་སྐུ་གདུང་ཡུངས་འབྲུ་ཙམ་ [159A]༄༅། །དག་ཏུ་བྱིན་གྱིས་རློབ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། །ཀུན་དགའ་བོ། ངའི་སྐུའི་ཚིགས་ཐམས་ཅད་ཕྱེ་ཞིང་སྐུ་གདུང་ཡུངས་འབྲུ་ ཙམ་དག་ཏུ་བྱིན་གྱིས་རློབ་པ་ན་སྡུག་བསྔལ་དུ་ཚོར་བ་འབྱུང་མོད་ཀྱི། ཀུན་དགའ་བོ། འོན་ཀྱང་སེམས་ཅན་དེ་དག་རྗེས་སུ་བཟུང་བ་དང། སྙིང་བརྩེ་བའི་ཕྱིར་དེ་བཞིན་ གཤེགས་པ་སྡུག་བསྔལ་དུ་ཚོར་བ་བཟོད་པར་ནུས་ཏེ། ཡུལ་གྱི་མི་ཕྱི་མ་རྣམས་བདེ་བ་དང་དགེ་བའི་ལམ་གྱིས་རྗེས་སུ་གཟུང་བར་འགྱུར་རོ། །ཀུན་དགའ་བོ། གང་རིང་ བསྲེལ་ཡུངས་འབྲུ་ཙམ་དག་ལ་མེ་ཏོག་དང། བདུག་པ་དང། ཕྲེང་བ་དང། བྱུག་པ་དང། ཕྱེ་མ་དང། ན་བཟའ་དང། གདུགས་པ་དང་རྒྱལ་མཚན་དང། བ་དན་དང་ གར་དང་སིལ་སྙན་ལེན་པ་དང། ཕེང་རྡོབ་པ་དང། བསྟོད་པ་རྣམས་ཀྱིས་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད། བརྗེད་པར་བྱེད། གསོལ་བར་ བྱེད་ན། ཀུན་དགའ་བོ། དགེ་བའི་རྩ་བ་དེ་ཐམས་ཅད་ཀྱི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདའ་བའི་བར་དུ་འགྱུར་བར་ང་སྨྲའོ། །ཀུན་དགའ་ བོ༑ ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན་གྲོང་ཁྱེར་སྐྱ་སྣར་གྱི་བུ་ཞེས་བྱ་བར་རྒྱལ་པོ་མྱ་ངན་མེད་པ་ཞེས་བྱ་བ་མོའུ་རྱའི་རིགས་ཀྱི་སྐྱེས་པ་ཆོས་ཅན་ [159B] དེའང་ངའི་བསྟན་པ་ལ་དད་པར་འགྱུར་རོ། །དད་པར་གྱུར་ནས་ཀྱང་ངའི་སྐུ་གདུང་རྒྱས་པར་བྱེད་དོ། །དེ་དུས་གཅིག་ཏུ་ཉིན་གཅིག་ལ་ངའི་ སྐུ་གདུང་གི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བྱེད་པར་འགྱུར་གྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་།ཀུན་དགའ་བོ། ངའི་སྐུ་གདུང་རྒྱས་པ་དང། ལྷ་དང་ མི་རྣམས་ལ་ཡངས་ཤིང་རྒྱ་ཆེ་བར་འགྱུར་རོ། །ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བཞུགས་པ་ལ་གང་བསྟི་ སྟང་བྱེད་པ་ལྟ་ཞོག། ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་ལ་གང་སྐུ་གདུང་གི་མཆོད་པ་བྱེད་པ་ལྟའང་ཞོག་ལ། ཀུན་དགའ་བོ། གང་དང་ཁ་ཅིག་ཐ་ན་རྨི་ལམ་ན་དེ་བཞིན་ གཤེགས་པའི་མཆོད་རྟེན་མཐོང་ནས་སེམས་དང་བར་བྱེད་ན། ཀུན་དགའ་བོ། དགེ་བའི་རྩ་བ་དེའི་འབྲས་བུའང་མྱ་ངན་ལས་འདས་ཕ་ཡིན་ཏེ། མྱ་ངན་ལས་འདས་པས་ ཀླས་ཤིང་མྱ་ངན་ལས་འདས་པའི་མཐས་གཏུགས་པར་འགྱུར་བར་ང་སྨྲའོ། །ཀུན་དགའ་བོ། མ་འོངས་པའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་འབྱུང་བ་དེ་དག་ ལས་གང་ངའི་ཡོན་ཏན་མི་སྒྲོགས་པའི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བ་དེ་གང་ཡང་མེད་དོ། །འདི་ལྟ་སྟེ། དཔེར་ན། ང་ད་ལྟར་འདས་པའི་སངས་རྒྱས་ [160A]༄༅། །བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་སྒྲོགས་པ་དེ་བཞིན་དུ་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ངའི་ཡོན་ཏན་ཡོངས་སུ་སྒྲོགས་ པར་འགྱུར་རོ། །ཀུན་དགའ་བོ། གང་ལ་ལ་ངའི་ཆོས་བསྟན་པ་ལས་བརྩམས་ཏེ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་རྣམ་པར་དག་པའི་སེམས་ཅན་ དེ་དག་ཐམས་ཅད་ནི། ཀུན་དགའ་བོ། ང་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཡོངས་སུ་སྨིན་པར་བྱས་པ་དག་གོ། །ཀུན་ དགའ་བོ། དགེ་འདུན་ལ་ཕུལ་བའི་ཡོན་ནི་བར་དུ་ཡོངས་སུ་ཟད་པ་དང་མཐར་འགྱུར་བ་ཡོད། ཡོན་གང་དག་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བའི་ཡོན་དེ་དག་ཀྱང་ བར་དུ་ཡོངས་སུ་ཟད་པ་དང་མཐར་འགྱུར་བ་ཡོད། ཀུན་དགའ་བོ། ཡོན་གང་དག་རང་སངས་རྒྱས་ལ་ཕུལ་བའི་ཡོན་དེ་དག་ཀྱང་བར་དུ་ཡོངས་སུ་ཟད་པ་དང་མཐར་ འགྱུར་བ་ཡོད་ཀྱི། ཀུན་དགའ་བོ། དེ་བཞིན་གཤེགས་པ་ལ་ཡོན་གང་དག་ཕུལ་བ་དེ་དག་ནི་བར་དུ་ཡོངས་སུ་ཟད་པ་དང་མཐར་འགྱུར་བ་མེད་དོ། །ཀུན་དགའ་ བོ༑ ཡོན་དེ་དག་ཐམས་ཅད་ཀྱི་འབྲས་བུ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདའ་བར་ང་སྨྲའོ། །ཀུན་དགའ་བོ། དེ་བཞིན་གཤེགས་པ་བཞུགས་པ་དེ་ [160B]ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱེད་པ་ལྟའང་ཞོག་སྟེ། ཀུན་དགའ་བོ། སངས་རྒྱས་ལ་དམིགས་ པའི་སེམས་ཀྱི་མེ་ཏོག་གཅིག་ནམ་མཁའ་ལ་འདོར་ན་དེའི་དགེ་བའི་རྩ་བ་ནི་ངས་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་ཚད་གཟུང་བའམ་བསྟན་པར་སླ་ བ་མ་ཡིན་ནོ། །ཀུན་དགའ་བོ། གལ་ཏེ་དེས་སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་ནམ་མཁའ་ལ་མེ་ཏོག་གཅིག་པོར་བའི་དགེ་བའི་རྩ་བ་བྱས་པ་དེ་ཡོངས་སུ་བརྟག་པ་བཟུང་ སྟེ༑ གལ་ཏེ་འཁོར་བ་ན་ཇི་སྲིད་དུ་སྔོན་གྱི་མཐའ་མི་མངོན་པའི་བསྐལ་པ་དེ་སྲིད་དུ་ཀུན་ཏུ་རྒྱུག་ཅིང་འཁོར་ཡང་དེ་བཞིན་གཤེགས་པ་ལ་མེ་ཏོག་གཅིག་ཕུལ་བ་དེའི་རྣམ་ པར་སྨིན་པ་ནི་ཚངས་པ་ཉིད་དམ། བརྒྱ་བྱིན་ཉིད་དམ། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་མཐར་ཕྱིན་པར་སླ་བ་མ་ཡིན་གྱི། ཀུན་དགའ་བོ། གཞན་དུ་ན་དགེ་བའི་རྩ་བ་དེའི་ འབྲས་བུ་ནི་མྱ་ངན་ལས་འདས་པའི་ཡིན་ཏེ། མྱ་ངན་ལས་འདའ་བ་ལ་གཞོལ་ཞིང་ཐ་མ་མྱ་ངན་ལས་འདའ་བར་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། སངས་རྒྱས་བཅོམ་ ལྡན་འདས་ལ་མེ་ཏོག་གཅིག་ཕུལ་བའི་རྣམ་པར་སྨིན་པ་གང་མྱ་ངན་ལས་འདའ་བའི་མཐར་ཐུག་པར་འགྱུར་བ་མ་གཏོགས་པར་མཐང་རྟོགས་པར་སླ་བ་མ་ཡིན་ཏེ། དེ་ལྟར་ [161A]༄༅། །རྫུ་འཕྲུལ་ཆེ། དེ་ལྟར་ཕན་ཡོན་ཆེ། དེ་ལྟར་གཟི་བརྗིད་ཆེ། དེ་ལྟར་རྒྱ་ཆེའོ། །ཀུན་དགའ་བོ། གང་དེ་ལྟ་བུའི་རྣམ་པར་སྨིན་པར་འགྱུར་པ་དེ་བཞིན་གཤེགས་ པ་ལ་ཡོན་ཕུལ་བ་དེ་ལྟར་དཔག་ཏུ་མེད་དོ། །དེ་བཞིན་གཤེགས་པ་ལ་ཐ་ན་སེམས་དང་བ་གཅིག་བསྐྱེད་པའང་ཤིན་ཏུ་མཐར་ཐུག་པ་དང། ཤིན་ཏུ་གྲུབ་པ་དང། བདེ་བ་ དང། ཤིན་ཏུ་མུར་ཐུག་པ་དང། ཤིན་ཏུ་ཚངས་པར་སྤྱོད་པར་ང་སྨྲའོ། །ཀུན་དགའ་བོ། དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་འདོད་ པས་དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ལ་བསྟི་སྟང་བྱ། བླ་མར་བྱ། རིམ་གྲོར་བྱ། མཆོད་པར་བྱའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བརྒྱ་བྱིན་ཐོབ་པར་འདོད་པ་ དང༑ ཚངས་པ་དང། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་བདག་པོ་བྱེད་པར་འདོད་པ་དང། སུམ་ཅུ་རྩ་གསུམ་དང། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་ དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང། ཀླུ་དང་གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་ པོ་དང། མིའམ་མི་མ་ཡིན་པའམ། འཇིག་རྟེན་ཐམས་ཅད་ཀྱི་འཇིག་རྟེན་གྱི་བདག་པོ་ཐོབ་པར་འདོད་པས་སངས་རྒྱས་བཅོམ་ལྡན་འདས་ལ་བསྟི་སྟང་བྱ། བླ་མར་ [161B] རིམ་གྲོར་བྱ། མཆོད་པར་བྱའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ས་ཐོབ་པར་འདོད་པའམ། རང་སངས་རྒྱས་ཀྱི་ས་ཐོབ་པར་འདོད་པའམ། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་སངས་རྒྱས་བཅོམ་ལྡན་འདས་ལ་བསྟི་སྟང་བྱ། བླ་མར་བྱ། རིམ་གྲོག་བྱ། མཆོད་པར་བྱའོ། །ཀུན་དགའ་བོ། ངས་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཉེར་བ་ན། སངས་རྒྱས་མང་པོ། སངས་རྒྱས་བརྒྱ་ཕྲག་མང་པོ། སངས་རྒྱས་སྟོང་ཕྲག་མང་པོ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་ སྟོང་མང་པོ་རྣམས་ལ་འདི་ལྟ་སྟེ། ན་བཟའ་དང། བཤོས་དང་གཟིམས་ཆ་དང། སྙུན་གསོས་ཀྱི་སྨན་དང། ཡོ་བྱད་རྣམས་དང་གདན་དང། འཆག་ས་དང། གཙུག་ ལག་ཁང་དང། མེ་ཏོག་དང། སྤོས་དང། ཕྲེང་བ་དང། བྱུག་པ་དང། ཕྱེ་མ་དང། ན་བཟའ་དང། གདུགས་དང། རྒྱལ་མཚན་དང་བ་དན་རྣམས་ཀྱིས་བསྟི་སྟང་བྱས་ བླ་མར་བྱས། རིམ་གྲོར་བྱས། མཆོད་པར་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་མཆོད་རྟེན་བྱས་ནས་མེ་ཏོག་དང་ བདུག་པ་དང། སྤོས་དང། ཕྲེང་བ་དང། བྱུག་པ་བརྒྱ་སྟོང་དང། གླུ་དང། གར་དང། སིལ་སྙན་དང། ཕེག་རྡོབ་པ་བརྒྱ་སྟོང་རྣམས་ཀྱིས་བསྟི་སྟང་བྱས། བླ་མར་བྱས། རིམ་ [162A]༄༅། །གྲོར་བྱས་ཏེ། མཆོད་ཅིང་བརྗེད་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་ལ་བརྟེན་ནས་སེམས་ཅན་ ཐམས་ཅད་ལ་སྙིང་བརྩེ་བ་དང། ལྷ་དང་མི་རྣམས་ཀྱི་དོན་དང། ཕན་པ་དང་བདེ་བ་དང། མ་བརྒལ་བ་རྣམས་བསྒྲལ་བ་དང་མ་གྲོལ་བ་རྣམས་དགྲོལ་བ་དང། དབུགས་མ་ ཕྱིན་པ་རྣམས་དབུགས་དབྱུང་བ་དང། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་བྱས་སོ། །ཀུན་དགའ་བོ། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལ་ངས་མེ་ཏོག་ཨུཏྤ་ལ་ལྔ་གཏོར་ཏེ། དེ་ནས་ངས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཀུན་ དགའ་བོ། ངས་དགེ་བའི་རྩ་བ་ཐོབ་པ་དེ་ལས་དགེ་བའི་རྣམ་པར་སྨིན་པའི་ཕྱོགས་ཙམ་ཞིག་མྱོང་ངོ། །གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མར་མེ་མཛད་ལ་མེ་ཏོག་ཨུཏྤལ་དེ་ལྔ་གཏོར་བའི་དགེ་བའི་རྩ་བའི་རྣམ་པར་སྨིན་པ་དེ་ལས་ཕྱོགས་ཙམ་ཞིག་ཉན་པར་འདོད་དམ། གསོལ་ བ༑ བཅོམ་ལྡན་འདས། འཚལ་ལོ། །བདེ་བར་གཤེགས་པ། འཚལ་ལོ། །བཅོམ་ལྡན་འདས་ཀྱིས་གང་མར་མེ་མཛད་ལ་དགེ་བའི་རྩ་བ་བསྐྲུན་བའི་ཕྱོགས་ [162B] བཅོམ་ལྡན་འདས། དུས་ལ་བབ་བོ། །བདེ་བར་གཤེགས་པ། དུས་ལ་བབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཕྱག་གཡས་ པ་གསེར་གྱི་ཁ་དོག་ཅན་བརྐྱང་བ་དང། ཕྱག་གི་མཐེའུ་ཆུང་ལས་ལྷའི་མེ་ཏོག་ཨུཏྤ་ལའི་བསུང་བྱུང་བར་གྱུར་ཏོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ གང་ན་ཟླ་བ་དང་ཉི་མ་བྱེ་བ་ཕྲག་བརྒྱ་རྒྱུ་བའི་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ལྷའི་མེ་ཏོག་ཨུཏྤ་ལའི་བསུང་གིས་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་ ལྟ་བུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་བསྟན་ཅིང། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའི་རྣམ་པར་སྨིན་ པ་ཕྱོགས་ཙམ་ཞིག་བསྟན་ཏེ། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ཆུད་མི་ཟ་བའང་བསྟན་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དེ་ལྟར་སངས་རྒྱས་ བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །དེ་ཡི་རྣམ་སྨིན་བསམ་མི་ཁྱབ། །འདུ་ཤེས་ཡོད་དང་མེད་པ་ཡི། །སེམས་ཅན་ཐམས་ ཅད་ཇི་སྙེད་པ། །བསྐལ་པ་བྱེ་བ་བརྒྱ་མང་དུ། །ཀུན་གྱིས་མཆོད་པ་བྱས་པ་དང། །རང་སངས་རྒྱས་པ་གང་དག་དང། །ཟག་པ་མེད་པའི་དགྲ་བཅོམ་པ། །བསྐལ་པ་བྱེ་བ་བསམ་ [163A]༄༅། །ཡས་པར། །དེ་དག་ཐམས་ཅད་མཆོད་པ་བས། །རྫོགས་པའི་སངས་རྒྱས་བཞུགས་པའམ། །ཡོངས་སུ་མྱ་ངན་འདས་པ་ལ། །གང་གིས་ཐལ་སྦྱར་གཅིག་ བྱས་པ། །བསོད་ནམས་འདི་ནི་ཁྱད་པར་འཕགས། །སངས་རྒྱས་ཚུལ་ཁྲིམས་མ་ཞིག་ཅིང། །ཏིང་ངེ་འཛིན་ལ་དབང་དུ་གྱུར། །ཆོས་རྣམས་ཀུན་ལ་ཐེ་ཚོམ་མེད། །སངས་རྒྱས་ སྤྱན་གྱིས་མཁྱེན་པ་ཡིན། །གང་ཞིག་བདེ་གཤེགས་དེ་ལ་ཡུད་ཙམ་མ་མ། །ཉིན་དང་མཚན་མོ་བྱམས་པ་བསྒོམ་བྱེད་ན། །གང་ཞིག་བསོད་ནམས་དེ་དང་མཉམ་འགྱུར་ པ༑ ༑ཁམས་གསུམ་དག་ན་དེ་འདྲའི་མཆོད་པ་མེད། །བསྐལ་པ་གྲངས་མེད་འདས་པའི་འདུས་དག་ན། །ལྷ་བས་ལྷག་པའི་ལྷར་འགྱུར་འོད་མཛད་པ། །འཇིག་རྟེན་སློབ་དཔོན་ གྱུར་པའི་སངས་རྒྱས་ལ། །ལས་དགེ་མི་ཉུང་བ་དག་ངས་བྱས་བ་།བསྐལ་པ་གྲངས་མེད་ཀུན་ཏུ་རྒྱུག་པ་ན། །བསོད་ནམས་དེ་ནི་ཟད་པར་མ་གྱུར་གྱི། །དེ་ཉིད་ང་ཡི་རྒྱུར་ ནི་གྱུར་པ་སྟེ། །དེ་ཡིས་བྱང་ཆུབ་དམ་པ་ངས་ཐོབ་བོ། །འཇིག་རྟེན་ཀུན་ལ་སྙིང་ནི་བརྩེ་བའི་ཕྱིར། །སངས་རྒྱས་བརྒྱ་དང་སངས་རྒྱས་བྱེ་བ་སྟོང། །གང་ལ་ཚེ་རབས་སྔ་ མར་མཆོད་བྱས་པ། །མི་མཆོག་དེ་དག་ང་ནི་མཁྱེན་གྱུར་པས་།སངས་རྒྱས་དེ་དག་སྨོད་པར་ཡོང་མི་མཛད། །འདི་ལྟར་ང་ཡིས་བཟོད་པ་མ་ཐོབ་པས། །དགེ་བ་སྤྱོད་ [163B] །འདི་ལྟར་འགྱུར་ཞེས་ལུང་བསྟན་མ་མཛད་དོ། །གང་ཚེ་མར་མེ་མཛད་འདྲེན་ངས་མཐོང་བ། །དེ་ན་ང་ཡིས་ཨུཏྤ་ལ་ལྔ་གཏོར་ཅིང། །རྣམ་པར་འདྲེན་ལ་རལ་ པ་བཏིང་བ་དང། །མི་སྐྱེའི་བཟོད་པ་ཐོབ་པར་གྱུར་པ་ན། །མར་མེ་མཛད་པ་བར་སྣང་གནས་པ་ཡིས། །བསྐལ་པ་གྲངས་མེད་འདས་ན་ཤཱཀྱའི་རྗེ། །ཤཱཀ་རིགས་རང་བྱུང་རྒྱལ་བར་ འགྱུར་རོ་ཞེས། །དེ་ནས་འདྲེན་པས་ང་ནི་ལུང་བསྟན་ནོ། །ང་ནི་བྱང་ཆུབ་དམ་པ་འདོད་པ་ན། །དེ་ནས་དུས་རིང་ཀུན་ཏུ་རྒྱུག་པའི་ཚེ། །ངས་ནི་དགེ་བ་དུ་མ་བྱས་པ་དང། །སེམས་ཅན་ དོན་ཕྱིར་སྡུག་བསྔལ་མྱོང་གྱུར་པ། །བསོད་ནམས་དེ་ཡི་ཚད་ནི་ཅུང་ཟད་ཀྱང། །འཇིག་རྟེན་རྣམ་འདྲེན་རྣམས་ཀྱིས་མ་བསྟན་ཏོ་།སྐྱེ་དགུ་མགོན་མེད་སྡུག་བསྔལ་གྱུར་ མཐོང་ནས། །སྡན་ཆད་ངས་ནི་བྱིན་པ་གང་ཡིན་པ། །སྤྱད་པ་སྤྱོད་ཚེ་བདེ་གཤེགས་འོད་མཛད་པ། །སངས་རྒྱས་དཔའ་བོ་གང་དག་ངས་མཆོད་ཅིང། །ང་ཡི་སྔོན་མཐའི་ སྤྱོད་པ་གཟིགས་གྱུར་པ། །ཉིན་དང་མཚན་དུ་དེ་དག་མཚན་བརྗོད་དོ། །གཉིས་གསུམ་ལྔའམ་བྕུའམ་ཉི་ཤུའམ། །སུམ་ཅུའམ་དེ་ལས་བཏུས་ནས་མཚན་བརྗོད་དོ།། འཇིག་རྟེན་དོན་ཕྱིར་སྤྱད་པ་སྤྱོད་པ་ན། །སངས་རྒྱས་གཙོ་བོ་ངས་སྔོན་གང་མཆོད་པ། །ཇི་ལྟར་ང་ཡིས་སྡུག་བསྔལ་ཆེན་པོ་མང། །དུ་མ་འཁོར་བར་བླངས་ནས་མ་བཏང་ [164A]༄༅། །ལྟར། །སངས་རྒྱས་གང་དག་དཀའ་བ་འདི་འདྲ་སྤྱད། །དེ་འདྲའི་སངས་རྒྱས་གཞན་ནི་བྱུང་མ་གྱུར། །ལེགས་པར་གསུངས་པ་མང་པོ་འཚོལ་བའི་ཚེ།། མགོ་བོ་བརྒྱ་དང་མགོ་བོ་བྱེ་བ་སྟོང། །འཁོར་བའི་ཚེ་ནི་སྔོན་ཆད་ངས་བཏང་ཞིང། །ཡུལ་འཁོར་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང། །ཆོས་མཆོག་འདི་ནི་ཡོངས་སུ་འཚོལ་ བའི་ཚེ། །སྦྱིན་དང་ཚུལ་ཁྲིམས་དང་ནི་དུལ་བས་འཕགས། །བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་དམ་པ་རྟོགས། །བསྐལ་པ་དཔག་མེད་ང་ནི་དེ་ལྟར་གྱུར། །སངས་རྒྱས་ མཐུ་ཆེན་བསམ་གྱིས་མི་ཁྱབ་པ། །ཡོན་ཏན་ཀུན་དང་ལྡན་ཞིང་མངོན་པར་འཕགས། །ཆོས་མཆོག་བསམ་གྱིས་མི་ཁྱབ་ལེགས་པར་བཤད་།བསམ་གྱིས་མི་ཁྱབ་ ལམ་ཡང་བརྗོད་པ་མཛད། །ཡོན་གྱི་བསོད་ནམས་ཀྱི་ལེའུ་སྟེ་བཅུ་པ་རྫོགས་སོ།། །།བམ་པོ་ལྔ་པ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་ཚུ་རོལ་ན་དེ་ བཞིན་གཤེགས་པ་པདྨའི་བླ་མ་ཞེས་བྱ་བ་ངས་མཉེས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་འདོད་པའི་ཕྱིར། བཅོམ་ལྡན་འདས་ [164B] །དེའི་ཚུ་རོལ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བ་མཉེས་པར་བྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ འདོད་པའི་ཕྱིར་བཅོམ་ལྡན་འདས་དེ་ལའང་ངས་དངུལ་གྱི་མེ་ཏོག་གཏོར་ཏོ། །དེའི་ཚུ་རོལ་ན་དེ་བཞིན་གཤེགས་པ་ཤིན་ཏུ་འཐོར་བཞུད་ཅེས་བྱ་བ་མཉེས་པར་བྱས་ཏེ། གྲངས་ མེད་པ་འདི་ཉིད་ཀྱི་དོན་དུ་བཅོམ་ལྡན་འདས་དེ་ལའང་ངས་གསེར་སྙིམ་པ་གང་གཏོར་ཏོ། །ཤིན་ཏུ་འཐོར་བཞུད་དེའི་ཚུ་རོལ་ན་དེ་བཞིན་གཤེགས་པ་གྲགས་པ་བླ་མ་ཞེས་བྱ་བ་ མཉེས་པར་བྱས་ཏེ། ངེས་པར་རྟོགས་པའི་ཡེ་ཤེས་འདི་ཉིད་ཀྱི་དོན་དུ་དེ་བཞིན་གཤེགས་པ་དེ་ལ་ངས་རིན་པོ་ཆེ་སྙིམ་པ་གང་གཏོར་ཏོ། །དེ་བཞིན་གཤེགས་པ་གྲགས་པ་བླ་ མའི་ཚུ་རོལ་ན་ང་དང་མིང་མཐུན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བྱུང་སྟེ། འཕགས་པའི་ལམ་འདི་ཉིད་ཀྱི་ཕྱིར་དེ་ལའང་ངས་མེ་ཏོག་སིལ་མས་གཏོར་ཏོ་ དེ་བཞིན་གཤེགས་པར་ཤཱཀྱ་ཐུབ་པའི་ཚུ་རོལ་ན་དེ་བཞིན་གཤེགས་པ་སྐར་རྒྱལ་ཞེས་བྱ་བ་མཉེས་པར་བྱས་ཏེ། ངེས་པར་རྟོགས་པའི་ཡེ་ཤེས་འདི་ཉིད་ཀྱི་དོན་དུ་བཅོམ་ ལྡན་འདས་དེ་ལའང་ངས་ཙནྡན་དམར་པོའི་ཕྱེ་མས་གཏོར་ཏོ། །དེ་བཞིན་གཤེགས་པ་སྐར་རྒྱལ་གྱི་ཚུ་རོལ་ན་དེ་བཞིན་གཤེགས་པ་རྒྱས་པ་ཞེས་བྱ་བ་མཉེས་པར་བྱས་ཏེ། བཅོམ་ [165A]༄༅། །ལྡན་འདས་དེ་ལའང་ངས་མིག་མི་འཛུམ་ཞིང་སེམས་མངོན་པར་དང་བས་ཉིན་ཞག་བདུན་དུ་ཚིགས་སུ་བཅད་པ་གཅིག་གིས་མངོན་པར་བསྟོད་དོ། །དེ་ བཞིན་གཤེགས་པ་རྒྱས་པའི་ཚུ་རོལ་ན་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཞེས་བྱ་བ་མཉེས་པར་བྱས་ཏེ། བཅོམ་ལྡན་འདས་དེ་ལའང་ངས་མོན་སྲན་སྡེའུ་སྙིམ་ པ་གང་གཏོར་ཏོ། །རྣམ་པར་གཟིགས་ཀྱི་ཚུ་རོལ་ན་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་ཞེས་བྱ་བ་མཉེས་པར་བྱས་ཏེ། བཅོམ་ལྡན་འདས་དེ་ལའང་ངས་ན་བཟའ་རིན་ པོ་ཆེ་གསོལ་ཏོ། །གཙུག་ཏོར་ཅན་གྱི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ཅེས་བྱ་བ་མཉེས་པར་བྱས་ཏེ། བཅོམ་ལྡན་འདས་དེ་ལའང་ངས་བཤོས་བཟང་པོ་ གསོལ་ཏོ། །ཀུན་དགའ་བོ། །བསྐལ་པ་བཟང་པོ་འདི་ལ་དེ་བཞིན་གཤེགས་པ་འཁོར་བ་འཇིག་བྱུང་སྟེ། ཡེ་ཤེས་རང་བྱུང་འདི་ཉིད་ཀྱི་དོན་དུ་དེའི་ཞབས་འབྲིང་ན་ངས་ ཚངས་པར་སྤྱོད་པ་སྤྱད་དོ། །འཁོར་བ་འཇིག་གི་འོག་ཏུ་དེ་བཞིན་གཤེགས་པ་གསེར་ཐུབ་ཅེས་བྱ་བ་བྱུང་སྟེ། དེའི་ཞབས་འབྲིང་ནའང་ངས་ཚངས་པར་སྤྱོད་པ་སྤྱད་ དོ༑ ༑གསེར་ཐུབ་ཀྱི་ཚུ་རོལ་ན་དེ་བཞིན་གཤེགས་པ་འོད་སྲུང་ཞེས་བྱ་བ་བྱུང་སྟེ། འོད་སྲུང་གི་ཞབས་འབྲིང་ནའང་ངས་ཚངས་པར་སྤྱོད་པ་སྤྱད་དེ། ཐམས་ཅད་ལའང་ [165B]འདོད་པའི་ཕྱིར་བྱས་སོ། །དེ་ལྟར་ང་བརྒལ་ནས་མ་བརྒལ་བ་རྣམས་སྒྲོལ་ཞིང་གྲོལ་ནས་མ་གྲོལ་བ་རྣམས་འགྲོལ་ བ་ནས། ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །ཀུན་དགའ་བོ། འདི་ལྟ་སྟེ། བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་འདོད་པའི་ཕྱིར་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་འདི་དག་དང། དཔག་ཏུ་མེད་གྲངས་མེད་པ་གཞན་རྣམས་ལའང་ བསྟི་སྟང་བྱས། བླ་མར་བྱས། རིམ་གྲོར་བྱས། མཆོད་པར་བྱས་ཏེ་སངས་རྒྱས་མང་པོ་ཇི་སྙེད་ལ་བསྙེན་བཀུར་བྱས་པ་དང། དེ་བཞིན་གཤེགས་པ་ཡོན་ཏན་མང་པོ་ ཇི་སྙེད་དང་ལྡན་པ་ལ་ལྟོས། །ཀུན་དགའ་བོ། །རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་གང་ཇི་ཙམ་དུ་ཆུང་བ་ བསྐྱེད་པའང་དེ་ལྟར་རྫུ་འཕྲུལ་ཆེ་བ་དང། དེ་ལྟར་ཕན་ཡོན་ཆེ་བ་དང། དེ་ལྟར་གཟི་ཆེ་བ་དང། དེ་ལྟར་རྒྱ་ཆེ་བར་འགྱུར་རོ། །ཀུན་དགའ་བོ། དེ་བཞིན་གཤེགས་པ་ བསམ་གྱིས་མི་ཁྱབ་པ་རྣམས་ལ་ངས་དགེ་བའི་རྩ་བ་བསྐྱེད་དེ་དེའི་རྣམ་པར་སྨིན་པའང་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱའོ་།ཀུན་དགའ་བོ། དེ་ལྟར་དེ་བཞིན་ [166A]༄༅། །གཤེགས་པ་རྣམས་ལ་མཉམ་པ་མེད་པ་དང། མི་མཐུན་པ་མེད་པ་དང། མཐའ་ཡས་པའི་ཡོན་ཕུལ་བས་རྣམ་པར་སྨིན་པའང་མཐའ་ཡས་པར་ ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ང་སྔོན་བྱང་ཆུབ་སྤྱད་པ་སྤྱོད་པ་ན། །མར་མེ་མཛད་པ་རྐང་གཉིས་ མཆོག་མཉེས་བྱས། །དེ་ལ་ང་ཡིས་ཨུཏྤ་ལ་ལྔ་གཏོར་ཏེ། །དེ་ནས་འདྲེན་པས་ང་ལ་ལུང་བསྟན་ཏོ། །དེ་ཡི་འོག་ཏུ་རྒྱལ་བ་པདྨའི་བླ། །བྱུང་སྟེ་དེའང་ང་ཡིས་མཉེས་པར་ བྱས། །བྱང་ཆུབ་དམ་པ་འདི་ནི་འདོད་པས་ན། །གསེར་གྱི་མེ་ཏོག་རྣམས་ཀྱིས་རྒྱལ་དེ་མཆོད། །དེ་ཡི་འོག་ཏུ་འདྲེན་པ་བྱུང་བ་ནི་།ཐམས་ཅད་ཟིལ་གནོན་ཡོན་ཏན་ཀུན་ དང་ལྡན། །ཤིན་ཏུ་འཐོར་བཞུད་གྲགས་པའི་བླ་མ་དང། །ཤཱཀྱ་ཁྱུ་མཆོག་སྐར་རྒྱལ་དེ་བཞིན་རྒྱས། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་ བ་འཇིག་དང་འདྲེན་པ་གསེར་ཐུབ་དང། །བྱང་ཆུབ་དམ་པ་ཡོངས་སུ་འཚོལ་བ་ན། །སངས་རྒྱས་འོད་སྲུང་དེ་བཞིན་ངས་མཆོད་དོ་།བྱང་ཆུབ་མཆོག་འདི་ཡོངས་སུ་ འཚོལ་བ་ན། །སེམས་ཅན་དོན་ཕྱིར་སྙིང་རྗེ་བསྐྱེད་ནས་སུ། །སྤྱོད་མཆོག་སྤྱད་ཚེ་གང་དག་ངས་མཆོད་པ། །འདས་པའི་འདྲེན་པ་གཞན་དང་དེ་དག་གོ་སངས་རྒྱས་ [166B] །ཚོགས་རྣམས་ཐམས་ཅད་ཡོངས་སུ་རྫོགས་བྱས་ནས། །མྱ་ངན་མེད་ཞི་བྱང་ཆུབ་ངས་ཐོབ་སྟེ། །དཔུང་བཅས་བཞོན་པར་བཅས་པའི་བདུད་ བཏུལ་ནས། །ཆོས་ཀྱི་འཁོར་ལོ་ང་ཡིས་རབ་ཏུ་བསྐོར། །སྲོག་ཆགས་ཕན་ཕྱིར་ཆོས་རྣམས་རབ་ཏུ་བཤད། །ལྷ་དང་ཀླུ་དང་མི་དང་མིའམ་ཅི། །སངས་རྒྱས་བྱང་ཆུབ་མཆོག་ལ་ ངས་བཀོད་དེ། །བདེ་ཞིང་ཞི་བའི་ལམ་དག་ངས་བསྟན་ཏོ། །མ་བྱོན་སངས་རྒྱས་དེ་བཞིན་ཉན་ཐོས་གང། །སྡུག་བསྔལ་ཀུན་ལས་གང་ཞིག་ཐར་འདོད་པ། །མཁས་པ་དེ་དག་ ང་ཡི་ཡོན་ཏན་སློབས། །དགེ་བའི་རྩ་བ་བསྐྱེད་པའི་ལེའུ་སྟེ་བཅུ་གཅིག་པ་རྫོགས་སོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ ལ་བཀའ་སྩལ་པ། ཀུན་དགའ་བོ། ང་བྱང་ཆུབ་ཐོབ་པའི་ཡོན་ཏན་གྱི་ཕན་ཡོན་ལྟ་ཞོག་ལ། ཀུན་དགའ་བོ། ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གང་ཡོན་ཏན་གྱི་ ཆོས་རྣམས་བྱུང་བ་དེ་དག་ཀྱང་རང་སངས་རྒྱས་རྣམས་ལའང་མེད་ན་ཉན་ཐོས་རྣམས་སམ། དེ་ལས་གཞན་པའི་སེམས་ཅན་རྣམས་ལ་ལྟ་ཅི་སྨོས། །ཀུན་དགའ་བོ་ ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཇི་ཙམ་དུ་དཀའ་བ་སྤྱོད་པ་དེ་དག་ཐམས་ཅད་ཁྱེད་ཀྱི་དོན་དུ་སྤྱད་དོ། །ངས་རྒྱལ་སྲིད་དང་སྡུག་པ་དག་ཀྱང་ཡོངས་སུ་བཏང་ [167A]༄༅། །ཞིང་བུ་ཕོ་དང། བུ་མོ་དང། ཆུང་མ་དང། སླས་དང། བདག་གི་སྲོག་དང། ཤ་དང། ཁྲག་དང། རུས་པ་དང། རྐང་དང། རྣ་བ་དང། སྣ་དང། ལག་ པ་དང། རྐང་པ་དང། མགོ་དག་ཀྱང་ངས་ཡོངས་སུ་བཏང་བ་དང། སྡུག་བསྔལ་མི་བཟད་པ་རྩུབ་ཅིང་དྲག་པའི་ཚོར་བ་རྣམ་པ་དུ་མ་མྱོང་བ་དེ་དག་ཐམས་ཅད་ཀྱང་ཁྱེད་ཀྱི་ ཕྱིར་རོ། །ཀུན་དགའ་བོ། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་ན་གང་བྱ་དཀའ་བ་དང། ཡོངས་སུ་བཏང་བ་བྱས་པ་དང། སེམས་ཅན་རྣམས་ ཀྱི་དོན་དུ་ངས་སྡུག་བསྔལ་གང་དག་མྱོང་བ་དེ་ཐམས་ཅད། ཀུན་དགའ་བོ། གལ་ཏེ་བརྗོད་ན་བདེན་པར་ཡིད་ཆེས་པར་མི་འགྱུར་ན་ཚིག་ཏུ་སྨྲ་བ་ལྟ་ཅི་སྨོས། ཀུན་དགའ་ བོ༑ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ ཁྱེད་ཀྱི་དོན་དུ་སྡུག་བསྔལ་མི་བཟད་པ་རྩུབ་ཅིང་དྲག་པའི་ཚོར་བ་འདི་ལྟ་བུ་དག་མྱོང་ངོ་ཞེས་དེ་སྐད་བཤད་ན་དེ་བཞིན་གཤེགས་པ་དེས་བདག་ཅག་གི་ཕྱིར་ རབ་ཏུ་དཀའ་བ་སྤྱད་དོ་ཞེས་གལ་ཏེ་བྱིས་པ་སོ་སོའི་སྐྱེ་བོ་དག་ཚིག་བཞི་པ་གཅིག་གི་སྙིང་རྗེ་སྐྱེད་ན། ཀུན་དགའ་བོ། སེམས་བསྐྱེད་པ་དེའི་འབྲས་བུའང་མྱ་ངན་ [167B] ཐ་མ་མྱ་ངན་ལས་འདའ་བའི་བར་དུ་འགྱུར་བ་ང་སྨྲ་ན། ཀུན་དགའ་བོ། ང་ལ་དགེ་བའི་རྩ་བ་བསྐྱེད་པ་ལྟ་ཅི་སྨོས། ཀུན་དགའ་བོ། འདི་ལྟ་སྐྱེས་བུ་བླུན་པོ་ མ་དད་པ། རྒྱུད་ཉམས་པ། མུན་མཐའ་ཡས་པས་ཁེབས་པ་ཁ་ཅིག་ནི་ངའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བཤད་ན་ཚིག་བཞི་པ་གཅིག་གི་སྙིང་རྗེའམ། ཕན་པའི་དངོས་པོའམ་ སེམས་དང་བའང་མི་སྐྱེད་དོ། །[?]བླ་ན་མེད་པའི་མྱ་ངན་ལས་འདའ་བ་སྒྲུབ་པའི་ཕྱིར་ཁྱད་པར་དུ་འཕགས་པར་འགྱུར་བ་དང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ སྙིང་རྗེ་ཆེན་པོ་རྙེད་པས་གང་དག་ཐོ་[?]པར་གྱུར་པ་ཡོན་ཏན་གྱི་ཆོས་དེ་དག་རང་སངས་རྒྱས་རྣམས་ལའང་མེད་ན་ཉན་ཐོས་རྣམས་ལ་ལྟ་ག་ལ་ཡོད། སོ་སོའི་སྐྱེ་བོ་རྣམས་ལ་ ལྟ་ག་ལ་ཡོད། ཀུན་དགའ་བོ། ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྙིང་རྗེ་ཆེན་པོ་རྙེད་པས་གང་དག་ཐོབ་པའི་ཆོས་དེ་དག། ཀུན་དགའ་བོ། གལ་ཏེ་རང་སངས་རྒྱས་ རྣམས་ལ་ཡོད་པར་གྱུར་ན་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཞིག་ན། གང་གི་ཕྱིར་ཆོས་ དེ་དག་བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོས་ཟིན་པས་དེའི་ཕྱིར་རང་སངས་རྒྱས་རྣམས་ལ་མེད་དོ། །དེའི་ཕྱིར་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ [168A]༄༅། །རྫོགས་པའི་སངས་རྒྱས་སྟོབས་བཅུ་དང་ལྡན་པ། མི་འཇིགས་པ་བཞི་ཐོབ་པ། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང་ལྡན་པར་མི་འགྱུར་རོ། །ཀུན་ དགའ་བོ། ངས་མངོན་པར་དྲན་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བ་ཅི་བྱ་བ་འཚོལ་ཞིང་འཁོར་བས་ཡིད་རྟག་ཏུ་སྐྲག་ལ། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་ པོས་ཡོངས་སུ་བསྒོས་པའི་ཡིད་དུ་གྱུར་པ་ན་རྨི་ལམ་འདི་ལྟ་བུ་རྨིས་པ་དྲན་ཏེ། རིའི་རྒྱལ་པོ་རི་རབ་ཀྱི་སྟེང་ཆེ་ཞིང་ཡངས་པ་ཞིག་ན་བདག་འདུག་སྟེ། དེ་ན་སེམས་ཅན་གང་ དག་འཇིག་རྟེན་གྱི་བར་ན་བཀོད་པ། སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པ་དེ་དག་སེམས་ཅན་དམྱལ་བའི་སྲུང་མ་རྣམས་ཀྱིས་ཚར་ཆོད་ཅིང་ལུས་འབར་བ་དང། ཀུན་ ཏུ་འབར་བ་དང། མེར་གྱུར་པ་དང། ཤིན་ཏུ་སྡུག་བསྔལ་མི་བཟད་པ་རྩུབ་ཅིང་དྲག་པ་སྲོག་འཕྲོག་པའི་ཚོར་བ་མྱོང་བར་གྱུར་ནས་ང་ག་ལ་བ་དེར་ལྷགས་སོ། །ལྷགས་ ནས་ང་ལ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་གྲོགས་པོ་ཁྱེད་ནི་བདེ་བའི་ཚོར་བ་མྱོང། བདག་ཅག་ནི་སྡུག་བསྔལ་ཞིང་སེམས་ཅན་དམྱལ་བའི་ཚོར་བ་མི་ བཟད་པའི་ནང་ན་མཆིས་ཏེ། ཤིན་ཏུ་སྡུག་བསྔལ་མི་བཟད་པ་རྩུབ་ཅིང་དྲག་པ་སྲོག་འཕྲོག་པའི་ཚོར་བ་མྱོང་ཞིང། མགོན་མ་མཆིས་སྐྱབས་མ་མཆིས། དཔུང་གཉེན་ [168B] །སྐྱེས་བུ་དམ་པ་ཁྱོད་བཞེད་ན་ནི་བདག་ཅག་སྡུག་བསྔལ་འདི་ལྟ་བུ་འདི་ལས་ཁྱོད་ཀྱིས་ཡོངས་སུ་ཐར་བར་མཛད་སྤྱོད་དོ་ཞེས་ཟེར་རོ། །ཀུན་དགའ་བོ། ང་རྨི་ལམ་དེ་ཉིད་ན་དུ་ ཞིང་མིག་གཉིས་ནས་འདི་ལྟ་སྟེ། དཔེར་ན། གངྒཱའི་ཀླུང་ཆེན་པོ་ལྟ་བུའི་མཆི་མ་བྱུང་སྟེ། ངས་སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་ལ་དེ་ལྟ་བུའི་སྙིང་རྗེ་ཆེན་པོ་སྐྱེས་ནས་སེམས་ ཅན་དམྱལ་བའི་སེམས་ཅན་དེ་དག་ལ། གྲོགས་པོ་དག་དེ་ལྟར་མ་འཇིགས་ཤིག་ངས་ཁྱེད་སྡུག་བསྔལ་ཆེན་པོ་འདི་ལྟ་བུ་འདི་ལས་ཡོངས་སུ་ཐར་བར་བྱའོ་ཞེས་དབུགས་ཕྱུང་ ངོ། །ཀུན་དགའ་བོ། ངས་རྨི་ལམ་ཉིད་ན་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་གཅིག་ཏུ་གསོག་ནས་ལག་པ་གཡས་པས་མགོ་ལ་བྱུགས་སོ། །ཀུན་དགའ་བོ། སེམས་ཅན་ དམྱལ་བ་པའི་སེམས་ཅན་དེ་དག་གི་སྤྱི་བོར་ལག་པ་གཡས་པ་བཞག་མ་ཐག་པ་དང། སེམས་ཅན་ཁྱེད་ངས་ཐར་བར་བྱའི། མ་འཇིགས་ཤིག་ཅེས་ངས་དེ་སྐད་སྨྲས་མ་ཐག་ ཏུ་སེམས་ཅན་དམྱལ་བ་པའི་མེ་དེ་ཞི་བར་གྱུར་ཏོ། །སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་སྐད་ཅིག་དེ་ཉིད་དང། ཡུད་ཙམ་དེ་ཉིད་ལ་བདེ་བའི་ཚོར་བ་མྱོང་བར་གྱུར་ ཏོ༑ ༑ཀུན་དགའ་བོ། ང་གཉིད་ཀྱིས་ལོག་པ་དེ་ཉིད་ལས་སད་མ་ཐག་ཏུ་མཆི་མ་དེ་གོས་ལས་བཙིར་ནས་བསགས་སོ། །ཀུན་དགའ་བོ། ང་བྱང་ཆུབ་སེམས་དཔའི་སྤྱད་པ་ [169A]༄༅། །སྤྱོད་པ་ནའང་སྙིང་རྗེ་ཆེན་པོའི་ཆོས་དེ་ལྟ་བུ་དང་ལྡན་ན། ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ ན་ལྟ་ཅི་སྨོས། ཀུན་དགའ་བོ། རྣམ་གྲངས་འདིས་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཆོས་གང་དག་བྱུང་བ་དེ་དག་རང་སངས་རྒྱས་ རྣམས་ལའང་མེད་ན། ཉན་ཐོས་རྣམས་དང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ལྟ་ག་ལ་ཡོད། ཀུན་དགའ་བོ། དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་ སྤྱོད་པ་ན་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་ཇི་ཙམ་ཞིག་དང་ལྡན་པ་ཚིག་ཏུ་བརྗོད་པས་ཀྱང་མཐར་ཕྱིན་པར་སླ་བ་མ་ཡིན་པ་དེ་ལྟ་བུའི་སེམས་ཅན་རྣམས་ལ་ཕན་པའི་ དངོས་པོའི་སེམས་དང་ལྡན་པར་གྱུར་པ་ལ་ལྟོས། ཀུན་དགའ་བོ། སྔོན་བྱུང་བ་འདས་པའི་དུས་ན་ཚོང་པ་མང་པོ་རིན་པོ་ཆེའི་ཕྱིར་རྒྱ་མཚོ་ཆེན་པོར་ཞུགས་པ་དང། དེ་དག་ གི་གྲུ་ཆེན་པོ་ནོར་གྱིས་གང་བ་རྒྱ་མཚོ་ཆེན་པོ་དེ་ཉིད་དུ་ཞིག་པར་གྱུར་ཏོ། །དེ་ནས་ཚོང་པ་དེ་དག་གྲུ་ཞིག་པས་འཇིགས། སྐྲག་།མི་དགའ་བར་གྱུར་ནས་སྲོག་གི་ཕྱིར་ ཁ་ཅིག་ནི་སྤང་ལེབ་ལ་བརྟེན་ཏེ་རྒལ། ཁ་ཅིག་ནི་ལག་པས་རྐྱལ་ཁ་ཅིག་ནི་འཆི་བའི་དུས་བྱས་སོ། །དེའི་ཚེའང་ཚོང་པ་མང་པོ་དེའི་ནང་ན་གང་དེད་དཔོན་དུ་གྱུར་ [169B] །དེའི་ཚེའང་ཚོང་པ་ལྔ་ཞིག་རྒྱ་མཚོ་ཆེན་པོས་ཁྱེར་བ་དེ་དག་དེད་དཔོན་དེ་ལ། ཀྱེ་དེད་དཔོན་མི་འཇིགས་པ་སྩོལ་ཅིག་ཅེས་འབོད་དོ། ། ཀུན་དགའ་བོ། དེ་སྐད་ཅེས་སྨྲས་པ་དང། དེད་དཔོན་དེས་ཚོང་པ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་ཁྱེད་མ་འཇིགས་ཤིག་།ངས་ཁྱེད་རྒྱ་མཚོ་ཆེན་པོ་འདི་ལས་བདེ་བར་ གདོན་ནོ། །ཀུན་དགའ་བོ། དེའི་ཚེ་དེད་དཔོན་དེའི་ལུས་ལ་མཚོན་རྣོན་པོ་ཞིག་ཀྱང་འཆང་སྟེ། དེ་འདི་སྙམ་དུ་རྒྱ་མཚོ་ཆེན་པོ་འདི་མི་རོ་དང་ལྷན་ཅིག་མི་གནས་པས་ངེས་པར་ བདག་གིས་བདག་གི་ལུས་སྲོག་དང་ཕྲལ་ཏེ་ཚོང་པ་འདི་དག་རྒྱ་མཚོ་ཆེན་པོ་འདི་ལས་གདོན་ནོ་སྙམ་དུ་བསམས་ནས། དེས་ཚོང་པ་དེ་དག་བདག་གི་ལུས་ལ་ཤིན་ཏུ་ལེགས་ པར་ཁ་ཅིག་ནི་རྒྱབ་ཏུ་ཞོན། ཁ་ཅིག་ནི་ཕྲག་པ་ལ་ཞོན། ཁ་ཅིག་ནི་བརླ་ལ་བཅར་ཏེ། རྩོལ་བ་ཆེན་པོ་བསྐྱེད་ནས་ལུས་དང་སེམས་ལ་སོ་སོར་བརྟག་པའི་མཐུ་བསྐྱེད་དེ། ཚོང་ པ་དེ་དག་ལ་མི་འཇིགས་པ་བྱིན་ནས་སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་སེམས་ཀྱིས་མཚོན་རྣོན་པོས་བདག་གི་སྲོག་བཅད་པ་དང། དེ་མྱུར་བ་ཉིད་དུ་འཆི་བའི་དུས་བྱས་ སོ༑ ༑དེ་ནས་དེ་མ་ཐག་ཏུ་རོ་དེ་རྒྱ་མཚོ་ཆེན་པོའི་ནང་ནས་སྐམ་ལ་བྱུང་ངོ། །དེ་ནས་ཚོང་པ་ལྔ་པོ་དེ་དག་བདེ་ཞིང་དོན་གྲུབ་ནས་རྒྱ་མཚོ་ཆེན་པོ་ལས་བརྒལ་ཏེ་སླར་ཛམྦུ་གླིང་དུ་ [170A]༄༅། །བདེ་བར་ལྷགས་པར་གྱུར་ཏོ། །ཀུན་དགའ་བོ། དེའི་ཚེ་དེའི་དུས་ན་དེད་དཔོན་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་ཐེ་ཚོམ་མམ་ཡིད་གཉིས་ཟ་ན། ཀུན་དགའ་ བོ་ཁྱེད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། ང་ཉིད་དེའི་ཚེ་དེའི་དུས་ན་དེད་དཔོན་དུ་གྱུར་ཏོ། །ཀུན་དགའ་བོ། དགེ་སློང་ལྔ་སྡེ་ནི་དེའི་ཚེ་དེའི་དུས་ན་ཚོང་པ་ལྔ་པོར་ གྱུར་ཏེ། ཀུན་དགའ་བོ། དེའི་ཚེའང་དགེ་སློང་ལྔ་པོ་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏོ། །དའང་ངས་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏེ་མྱ་ངན་ལས་འདས་པ་འཇིགས་པ་མེད་ ཅིང་ཞི་བ་ལ་བཀོད་དོ། །ཀུན་དགའ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དཀའ་བ་ཇི་སྙེད་བྱེད་པ་དང། ཡོན་ཏན་ཚད་མེད་པ་ཇི་སྙེད་དང་ལྡན་པ་ལ་ལྟོས། ཀུན་ དགའ་བོ། རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཅི་འདྲ་བའི་ཡོན་ཏན་འདི་ལྟ་བུ་དག་རང་སངས་རྒྱས་རྣམས་ལ་མེད་དོ། །ཀུན་ དགའ་བོ། གལ་ཏེ་རང་སངས་རྒྱས་རྣམས་ལ་ངའི་ཆོས་རྣམས་ཡོད་དུ་ཟིན་ན་དེ་དག་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་ ཞིག་ན་གང་གི་ཕྱིར་དེ་དག་ལ་ཆོས་འདི་དག་མེད་པ་དེའི་ཕྱིར་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཀུན་དགའ་བོ། དེ་ལྟར་བྱང་ [170B]ཅིང། སྙིང་རྗེ་ཆེ་ལ་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའོ་།དེ་ལ་མི་བླུན་པོ་ཁ་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་དང། བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པའི་ས་བོན་མངོན་སུམ་དུ་བྱ་བའི་ཕྱིར་སེམས་དང་བ་འགའ་ཡང་ང་ལ་མི་སྐྱེད་དོ། །ཀུན་དགའ་བོ། ཉི་ཚེ་བ་བྱེད་པ་ནི་ཉི་ཆེ་ བསྒྲུབ་ལ། ཡོངས་སུ་རྫོགས་པ་བྱེད་པ་ནི་ཡོངས་སུ་རྫོགས་པ་སྒྲུབ་པོ། །ཀུན་དགའ་བོ། ངའི་སྤྱོད་པ་གཞན་དག་ཀྱང་བསྟན་ཏེ། ཀུན་དགའ་བོ། ཐ་ན་སེམས་དང་བ་གཅིག་བསྐྱེད་པའི་ དགེ་བའི་རྩ་བ་དང་ལྡན་པ་བསྐྱེད་པའང་དོན་མེད་པར་མི་འགྱུར་ན་གོང་མ་དག་ལྟ་ཅི་སྨོས། ཀུན་དགའ་བོ། གང་དེ་བཞིན་གཤེགས་པ་ལ་བཞག་པའི་དགེ་བའི་རྩ་བ་གང་ཡིན་པ་ཐ་ ན་སངས་རྒྱས་ལ་དམིགས་པའི་སེམས་གཅིག་བསྐྱེད་ན། ཀུན་དགའ་བོ། དེ་དག་ཐམས་ཅད་ཀྱང་བདུད་རྩི་དང་མཚུངས་ཤིང་ཐ་མ་བདུད་རྩིར་འགྱུར་པར་ང་སྨྲའོ། །ཀུན་དགའ་ བོ༑ དེ་བཞིན་གཤེགས་པ་ནི་རྣམ་པ་ཐམས་ཅད་ཀྱིས་རྗེས་སུ་དྲན་པར་བྱ་སྟེ། ཀུན་དགའ་བོ། དྲན་པ་ལས་ཀྱང་དེ་བཞིན་གཤེགས་པ་དྲན་པར་བྱའོ། །ཀུན་དགའ་བོ། དགེ་བའི་ རྩ་བ་ལས་ཀྱང་དེ་བཞིན་གཤེགས་པ་དྲན་པར་བྱའོ། །ཀུན་དགའ་བོ། རིགས་ལས་ཀྱང་དེ་བཞིན་གཤེགས་པ་དྲན་པར་བྱའོ། །ང་ནི་འདྲ་བའི་ཕྱིར་ཉི་མའི་རིགས་ཏེ། གང་བུ་ [171A]༄༅། །རམ་ཤིང་པའི་རིགས་སུ་སྐྱེས་པ་ནོར་མང་པོ་ཕུན་སུམ་ཚོགས་པའོ། །ཉི་མའི་རིགས་ཀྱིས་མུན་པ་མུན་ནག་དང་བྲལ་བ་སྣང་བ་བྱེད་པ་འོད་བྱེད་པའོ། །ཀུན་ དགའ་བོ། ང་ནི་ཤཱཀྱ་ཡིན་ཏེ། དེ་ནི་རིགས་ཆེ་བའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། དེ་བཞིན་གཤེགས་པ་ནི་རུས་དང། ཆོ་རིགས་དང། རིགས་དང། ནོར་དང། གཟུགས་ དང། ཡུལ་དང། མཚན་དང་དཔེ་བྱད་བཟང་པོ་དང། སྟོབས་དང། མི་འཇིགས་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པས་མངོན་པར་འཕགས་སོ། །ཀུན་དགའ་བོ། །དེ་བཞིན་ གཤེགས་པ་ཡོན་ཏན་ཐམས་ཅད་ཀྱིས་མངོན་པར་འཕགས་ཤིང་རིགས་ཕུན་སུམ་ཚོགས་སོ། །ཀུན་དགའ་བོ། །རོ་མྱོང་བ་ལས་ཀྱང་དེ་བཞིན་གཤེགས་པ་རྗེས་སུ་དྲན་པར་ བྱའོ། །ཀུན་དགའ་བོ། །དོན་ཡོད་པ་དང། སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ་དང། སྨོན་ལམ་ཕུན་སུམ་ཚོགས་པ་དང། ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་དང་ རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་དང་སྤྱོད་ལམ་དང། སྤྱོད་པ་དང། སྒྲུབ་པ་ ལས་ཀྱང་དེ་བཞིན་གཤེགས་པ་རྗེས་སུ་དྲན་པར་བྱ་ན་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་ལྟ་ཅི་སྨོས། ཀུན་དགའ་བོ། རྣམ་པ་གང་དང་གང་དག་གིས་དེ་བཞིན་ [171B]དག་གིས། རྫུ་འཕྲུལ་ཆེ་[?]ཕན་ཡོན་ཆེ་གཟི་ཆེ། རྒྱ་ཆེ། །བདུད་རྩི་དང་མཚུངས་ཏེ། བདུད་རྩི་ཀླས་ཤིང་བདུད་རྩིའི་མཐས་ གཏུགས་པར་འགྱུར་རོ། །ཀུན་དགའ་བོ། ང་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་རྒྱུད་ལ་ཡོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ས་གང་ཡིན་པ་དེའི་ཡོན་ཏན་རྣམས་ངས་སངས་ རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་མཐའ་རྟོགས་པར་མི་ནུས་ན་གང་ངའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་པ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའི་ཡོན་ཏན་དེ་ལས་གཞན་པ་དག་ཡོད་པ་ལྟ་ཅི་སྨོས། ང་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པ་ན། བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོད་པ་དེ་དག་གི་མཐའ་ཡང་ངས་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་རྟོགས་པར་ སླ་བ་མ་ཡིན་ན་ལུང་བསྟན་པ་ལྟ་ཅི་སྨོས། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལྟ་ཅི་སྨོས་ཏེ། དེ་དག་གི་མཐའ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུའང་རྟོགས་པར་སླ་བ་མ་ ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པའི་ཕྱིར་རོ། །ཀུན་དགའ་བོ། ངས་དོན་གྱི་ [172A]༄༅། །དབང་འདི་མཐོང་ནས་གང་དག་ཁ་ཅིག་ངའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཡོན་ཏན་རྣམས་རྗེས་སུ་དྲན་ཞིང་སེམས་དང་པའང་སྐྱེད་ན། ཀུན་དགའ་ བོ༑ དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདས་པར་ང་དེ་སྐད་སྨྲའོ་།ཀུན་དགའ་བོ། དེ་བས་ན་མྱ་ངན་མ་བྱེད། སྨྲེ་ སྔགས་མ་འདོན་ཞིག་ཀུན་དགའ་བོ་ཁྱོད་ལྷ་དང་བཅས་པའི་འཇིག་རྟེན་གྱི་དོན་ཆེན་པོ་ངས་བྱས་ཟིན་ཏེ། ཕན་ཆེན་པོ་ནི་བཏགས། བླ་ན་མེད་པའི་གྲུབ་པ་དང་བདེ་བ་འདི་ ལྟ་སྟེ། མྱ་ངན་ལས་འདའ་བ་ཐོབ་པར་བྱ་བའི་ལམ་ནི་བསྟན་བསྒྲུབ་པ་ནི་བཤད་ཟིན་གྱི། ང་ཁྱེད་བག་ཡོད་པ་ལ་བརྩོན་པར་གྱིས་ཤིག་དེ་ནས་བཅོམ་ལྡན་འདས་ཀྱིས་ ཐམས་ཅད་དང་ལྡན་པའི་དགེ་སློང་གི་དགེ་འདུན་ལ་བཀའ་སྩལ་པ་དགེ་སློང་དག་དོ་མོད་ཀྱི་ནམ་གྱི་གུང་ཐུན་ལ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའི་ དགེ་སློང་དག་ཚུར་ཤོག་དེང་དུ་ངས་ཁྱེད་མཐོང་བའི་ཐ་མ་དང། རྗེས་སུ་བསྟན་པའི་ཐ་མར་འགྱུར། དེང་དུ་ང་དང་ཁྱེད་མཐོང་བ་ཐ་མ་དང། ཕྲད་པ་ཐ་མར་འགྱུར་ཏེ། དགེ་སློང་ ཁྱོད་ཀྱིས་ཕྱིས་ང་མི་མཐོང་ངས་ཀྱང་ཁྱེད་མི་མཐོང་ངོ་།དེ་བས་ན། དགེ་སློང་དག་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཞིང། དགེ་སློང་དག་སྡུག་པ་དང་ཡིད་དུ་འོང་བ་ [172B] བྱེ་བར་འགྱུར། འབྲལ་བར་འགྱུར་རོ། །དགེ་སློང་དག་གང་སྐྱེས་པ། བྱུང་བ། བརྟགས་པ། འདུས་བྱས་པ། མངོན་པར་བསམས་པ་ རྟེན་ཅིང་འབྲེལ་པར་བྱུང་བ། རབ་ཏུ་འཇིག་པའི་ཆོས་ཅན་འདི་དག་འཇིག་པར་མི་འགྱུར་བའི་གནས་ག་ལ་ཡོད་དེ། དེ་ནི་གནས་མེད་དོ། །དགེ་སློང་དག་ཇི་ལྟར་རིང་དུ་གནས་ཀྱང་ ཚེ་ཕྱི་མར་ངེས་པར་འགྲོ་དགོས་སོ། །དགེ་སློང་དག། སྐྱེས་པ་ནི་མི་འཆི་བ་མེད་དོ། །འདུ་བྱེད་དུ་གྱུར་པ་རྣམས་ལ་ནི་རྟག་པའམ་བརྟན་པའམ། ཐེར་ཟུག་གམ། མི་འགྱུར་བའི་ ཆོས་ཅན་མ་ཡིན་ནོ། །དགེ་སློང་དག་སྐྱེས་པ་དང་འཆི་བ་ནི་སྡུག་བསྔལ་ལོ། །དགེ་སློང་དག་གང་དག་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ནི་བདེ་བའོ། །མ་ཐོབ་པ་ཐོབ་ པར་བྱ་བ་དང། མ་རྟོགས་པ་རྟོགས་པར་བྱ་བ་དང། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་བརྩོན་པ་གྱིས་ཤིག་འབད་པ་གྱིས་ཤིག་བརྩལ་བ་གྱིས་ཤིག་ དགེ་སློང་དག་སངས་རྒྱས་བཅོམ་ལྡན་འདས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང། གང་དེ་ལས་གཞན་པའི་དགེ་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་ བག་ཡོད་པས་ཐོབ་ཀྱི། བག་ཡོད་པ་ལ་བརྩོན་པར་གྱིས་ཤིག་དགེ་སློང་དག་འདི་ནི་ཁྱེད་ལ་རྗེས་སུ་བསྟན་པའོ། །དེའི་ཚེ་འཁོར་དེ་ན་དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་ [173A]༄༅། །དང། དགེ་བསྙེན་མ་དང། ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང་མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། བརྒྱ་བྱིན་ དང། ཚངས་པ་དང། འཇིག་རྟེན་སྐྱོང་བ་ཇི་སྙེད་འདུས་པར་གྱུར་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་གདམས་པ་དང་རྗེས་སུ་བསྟན་པ་འདི་ལྟ་བུ་འདི་ཐོས་ནས་སྡུག་བསྔལ་ ཞིང་ཡིད་མི་བདེ་སྟེ། སྡུག་བསྔལ་དང་ཡིད་མི་བདེ་བ་མཆོག་དང་ལྡན་པར་གྱུར། མྱ་ངན་གྱི་ཟུག་རྔུ་ཆེན་པོས་ཟུག་པར་གྱུར་ནས་ངུ་ཞིང་མཆི་མ་བྱུང་བར་གྱུར་ཏེ། བཅོམ་ལྡན་འདས་ ཡོངས་སུ་མྱ་ངན་ལས་འདའ་བ་ཧ་ཅང་མྱུར་ཆེས་སོ། །བདེ་བར་གཤེགས་པ། ཡོངས་སུ་མྱ་ངན་ལས་འདའ་བ་ཧ་ཅང་མྱུར་ཆེས་སོ་།འཇིག་རྟེན་གྱི་མིག་མི་སྣང་བར་འགྱུར་བ་ ཧ་ཅང་མྱུར་ཆེས་སོ། །འཇིག་རྟེན་གྱི་མིག་མེད་ཅིང་ལོང་བར་འགྱུར་པ་ཧ་ཅང་མྱུར་ཆེས་སོ། །སེམས་ཅན་རིན་པོ་ཆེ་འདི་ལྟ་བུ་དང་འབྲལ་བ་དང། འབྱེ་པ་དང། ཐ་དད་དུ་འགྱུར་ བ་ཧ་ཅང་མྱུར་ཆེས་སོ་ཞེས་ཆོ་ངེ་ཆེན་པོ་བཏོན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ལ་མིག་མི་འཛུམ་པར་ལྟ་སྟེ། བལྟས་ཤིང་བརྟགས་ནས་བཅོམ་ ལྡན་འདས་ལས་ཚིག་དེ་སྐད་ཐོས་པ་དང་ངུ་ཞིང་སྨྲེ་སྔགས་འདོན་ཏེ། ཇི་ལྟར་ལངས་པ་ཉིད་ལས་ཤིང་བཅད་པ་བསྒྱེལ་བ་བཞིན་དུ་ས་ལ་འགྱེལ་ཏོ། །དེ་ནས་བཅོམ་ལྡན་ [173B]ཀུན་དགའ་བོ་ཐོང། མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་ཀུན་དགའ་བོ། སྡུག་བ་དང་ཡིད་དུ་འོང་བ་ཐམས་ཅད་དང་ཐ་ དད་དུ་འགྱུར་ཞིང་འགྱེས་ཏེ་འབྱེ་བ་དང་འབྲལ་བར་འགྱུར་རོ་།གང་བྱུང་བ་དང། འདུས་བྱས་པ། །མངོན་བསམས་པ། རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དག་མི་འཇིག་པ་ དེ་ག་ལ་ཡོད་དེ། །དེ་ནི་གནས་མེད་དོ་ཞེས་ངས་ཐོག་མ་ནས་མ་བསྟན་ཏམ། དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ ཅེས་གསོལ་ཏོ། །གང་སེམས་ཅན་རིན་པོ་ཆེ། སེམས་ཅན་ཁ་ལོ་སྒྱུར་བ་སེམས་ཅན་ཡོངས་སུ་འདྲེན་པ། སེམས་ཅན་ཐམས་ཅད་ལ་གཅེས་པ། སེམས་ཅན་ཐམས་ཅད་རྟོན་ པ༑ སྟོན་པ་དེ་ལྟ་བུ་དང་བདག་འགྱེས་ཤིང་འབྱེ་འབྲལ་ན། བཅོམ་ལྡན་འདས། ཅིའི་སླད་དུ་མྱ་ངན་མི་བགྱིད། བདེ་བར་གཤེགས་པ་བདག་ཅིའི་སླད་དུ་སྨྲེ་སྔགས་མི་ འདོན། བཅོམ་ལྡན་འདས། འདི་ལྟར་འཇིག་རྟེན་གྱི་མགོན་པོ་ཐུགས་རྗེ་ཆེན་པོ་འཇིག་རྟེན་ཐམས་ཅད་ལ་ཕན་ཞིང་ཐུགས་བརྩེ་བ་མིག་རིང་པོ་ཆེ་སྣང་བ་མཛད་པ་དང་ བདག་འབྲལ་བར་འགྱུར་ན་ཅིའི་སླད་དུ་བདག་མྱ་ངན་མི་བགྱིད། སྨྲེ་སྔགས་མི་འདོན། བཅོམ་ལྡན་འདས། བདག་གི་སྙིང་ཚལ་བ་བརྒྱར་མ་གས་པ་ངོ་མཚར་ཏོ། བཅོམ་ [174A]༄༅། །ལྡན་འདས། བདག་མཆིས་པ་འདི་ཉིད་དུ་འགུམ་པའི་དུས་མ་བགྱིས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས། གང་བདག་མཆིས་པ་འདི་ཉིད་དུ་འདི་ལྟ་སྟེ་ དཔེར་ན། ཕུབ་མ་སྤར་གང་བཞིན་དུ་རྣམ་པ་དུ་མར་མ་ཞིགས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས། བདག་ནི་བཅོམ་ལྡན་འདས་ཀྱི་བྱིན་གྱིས་རླབས་ཀྱིས་འགུམ་པའི་དུས་ མ་བགྱིས་སོ་སྙམ་གྱི་བགྱིད་དོ། །བཅོམ་ལྡན་འདས། འདི་ལྟར་སེམས་ཅན་རིན་པོ་ཆེ་འཇིག་རྟེན་ཡོངས་སུ་འདྲེན་པ། འཇིག་རྟེན་ལ་ཕན་ཞིང་ཐུགས་བརྩེ་བ་དེ་ལྟ་བུ་སང་སླན་ ཆད་བཞུགས་པ་མི་མཐོང་ན་ཅིའི་སླད་དུ་མྱ་ངན་མི་བགྱིད། །སྨྲེ་སྔགས་མི་འདོན། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་ སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ལ་ང་སྡུག་གམ། གསོལ་པ། བཅོམ་ལྡན་འདས་བདག་ལ་སྡུག་གོ། བདེ་བར་གཤེགས་པ་བདག་ལ་སྡུག་གོ་ བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ལ་ང་ཇི་ཙམ་དུ་སྡུག། གསོལ་པ་བཅོམ་ལྡན་འདས། ངག་གི་ལས་ཀྱིས་བསྟན་པར་སླ་བ་མ་ལགས་པ་དང། བཅོམ་ལྡན་ འདས། དཔེས་བསྟན་པར་ཡང་སླ་པ་མ་ལགས་པ་དེ་ཙམ་དུ་བཅོམ་ལྡན་འདས་བདག་ལ་སྡུག་གོ། བདེ་བར་གཤེགས་པ་བདག་ལ་སྡུག་གོ། བཅོམ་ལྡན་འདས་ [174B]བཏང་ཡང་བདག་མི་དགའ་བར་མི་འགྱུར་བ་དེ་ལྟ་བུར་བཅོམ་ལྡན་འདས་བདག་ལ་སྡུག་གོ། བདེ་བར་གཤེགས་ པ་བདག་ལ་སྡུག་གོ་བཅོམ་ལྡན་འདས་བདག་ལ་དེ་ལྟར་སྡུག་པ་དང་བདེ་བར་གཤེགས་པ་བདག་ལ་དེ་ལྟར་སྡུག་པར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉིད་ཀྱིས་ མཁྱེན་ནོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། གལ་ཏེ་ཁྱོད་ལ་ང་སྡུག་ན་ལག་པ་ གཡས་པ་ང་ལ་བྱིན། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ལག་པ་གཡས་པ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་ལག་པ་ཉིད་ཀྱི་ཕྱག་ གཡས་པ་གསེར་གྱི་ཁ་དོག་ཅན་རྒྱ་སྐྱེགས་ཀྱི་ཁུ་བ་རབ་ཏུ་བཟང་པོས་ཁ་བསྒྱུར་བ་ལྟ་བུར་འཇམ་ཞིང་རབ་ཏུ་གཞོན་པས་བཟུང་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། གལ་ཏེ་ཁྱོད་ལ་ང་སྡུག་པའི་བྱ་བ་བྱོས། །དེ་ལ་ང་ལ་སྡུག་པར་འཛིན་པའི་བྱ་བ་གང་ཞེ་ན། ཀུན་དགའ་བོ། །བསྐལ་པ་གྲངས་མེད་པ་བྱེ་ བར་བསྒྲུབས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང། བླ་ན་མེད་པའི་ཆོས་དཀོན་མཆོག་གི་མཛོད་འདི་ཁྱོད་ལ་བཅོལ་ཅིང་གཏད་ཀྱི། ཅི་ནས་ཀྱང་ང་དང་མཐུན་ [175A]༄༅། །པར་གྱིས་ཤིག་མཐུན་པར་བྱས་ནས་ཀྱང་ཡངས་ཤིང་རྒྱས་པར་གྱིས་ཤིག་རྒྱུན་མ་ཆད་པར་གྱིས་ཤིག་སྐྱེས་བུ་ཐ་མ་པར་མ་གྱུར་ཅིག་ཀུན་དགའ་ བོ༑ དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་འདི་རྣམ་པར་འཕེལ་བ་དང། ཡོངས་སུ་མི་ཉམས་པ་དང། ཀུན་ཏུ་བསྲུང་ཞིང་སྦ་བ་དང། ཆུད་མི་ཟོས་པར་བྱ་བའི་ཕྱིར་ ཁྱོད་ལ་དཔེ་བསྟན་པར་བྱ་སྟེ། འདི་ལ་སྐྱེས་བུ་མཁས་པ་ཁ་ཅིག་དཔེས་སྨྲས་པའི་དོན་ཤེས་པར་འགྱུར་རོ། །ཀུན་དགའ་བོ། འདི་ལྟ་སྟེ་དཔེར་ན། ཚོང་དཔོན་ནམ་ཁྱིམ་བདག་ ཕྱུག་པོ་ནོར་ཆེ་བ། ལོངས་སྤྱོད་ཆེ་བ། བང་མཛོད་མང་བ། བདག་དབང་བ་མང་བ། རྫས་དང་ཡོ་བྱད་མང་བ། རིགས་ཕུན་སུམ་ཚོགས་པ། རུས་ཕུན་སུམ་ཚོགས་པ། རིགས་ བཙུན་པའི་རིགས་ལས་བུ་གཅིག་པ་ཞིག་སྐྱེས་ཏེ། དེ་སྐྱེས་མ་ཐག་ཏུ་དབང་པོ་རྣམས་རྒྱས་པར་བྱ་བའི་ཕྱིར་ཡི་གེ་དང། གྲངས་དང་རྩིས་དང། ལག་རྩིས་དང། དེ་ལས་ གཞན་པའི་བཟོ་དཀའ་བ་དང། སྒྱུ་རྩལ་དཀའ་བ་དག་སློབ་བོ། །དེ་ལ་བསླབས་ནས་ཐ་མར་ཚོང་དཔོན་ན་མ་ཁྱིམ་བདག་དེ་འདི་སྐད་དུ་བུ་ཁྱོད་ལ་ངས་ཇི་ཙམ་དུ་བྱ་བ་དེ་དག་ ངས་བྱས་ཟིན། ཡི་གེ་དང། གྲངས་དང། རྩིས་དང། ལག་རྩིས་དང། བཟོ་དཀའ་བ་དང། སྒྱུ་རྩལ་དཀའ་བ་དག་ཀྱང་ལོབས་ཟིན་ཏེ་འདི་ནི་ངའི་དུས་ཐ་མ་ཡིན་པས་ [175B] གནས་གསུམ་ལ་སློབ་ཅིང་ཚོང་དཔོན་གྱི་ཁྱིམ་འདི་ན་གནས་པར་བྱོས་ཤིག་གསུམ་གང་ཞེ་ན། འདུན་པ་དང། བརྩོན་འགྲུས་དང་ བག་ཡོད་པའོ་ཞེས་སྨྲས་ཏེ། དེ་ལྟར་ཚོང་དཔོན་ནམ་ཁྱིམ་བདག་དེས་བུ་གཅིག་པ་དེ་ལ་ཤིན་ཏུ་ལེགས་པར་གཏམས་ནས་འཆི་བའི་དུས་བྱས་ལ། དེའི་བུ་གཅིག་པ་དེ་བག་མེད་ པར་སྤྱོད་པས་ལོངས་སྤྱོད་མ་རྙེད་པ་ནི་མི་རྙེད། ཕ་མེས་ཀྱི་ལོངས་སྤྱོད་རྙེད་པ་དག་ནི་ཡོངས་སུ་ཟད་ཅིང་མེད་པར་གྱུར་ན་ཀུན་དགའ་བོ། དེ་ཇི་སྙམ་དུ་སེམས། ཚོང་དཔོན་གྱི་བུའམ་ ཁྱིམ་བདག་གི་བུ་དེས་ཕའི་ལུང་བཞིན་དུ་བྱས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བདེ་བར་གཤེགས་པ། མ་ལགས་སོ་།བཀའ་སྩལ་པ། ཀུན་ དགའ་བོ། ཕ་དེས་བུ་དེ་ལ་བུའི་བྱ་བ་ཅུང་ཟད་བྱས་སམ། གསོལ་པ་བཅོམ་ལྡན་འདས། བགྱིས་སོ། །བདེ་བར་གཤེགས་པ། བགྱིས་སོ། །བཀའ་སྩལ་པ། ཀུན་དགའ་བོ། དེ་ བཞིན་དུ་དེ་བཞིན་གཤེགས་པའང་འཇིག་རྟེན་ཐམས་ཅད་ཀྱི་ཡབ་སྟེ་ཁྱེད་ལ་བུ་གཅིག་པ་བཞིན་དུ་དབུགས་འབྱིན་ཏོ། ཀུན་དགའ་བོ། །འདི་ནི་ངའི་དུས་ཐ་མ་སྟེ། འདི་ནི་ ངའི་རྗེས་སུ་བསྟན་པ་ཐ་མ་ཡིན་གྱི། ཅི་ནས་ཀྱང་བསྐལ་བ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྒྲུབས་པ་ངའི་ཆོས་དཀོན་མཆོག་གི་མཛོད་དང། ཆོས་དཀོན་མཆོག་གི་ [176A]༄༅། །སྣོད་དང། ཆོས་ཀྱི་ནོར་བླ་ན་མེད་པ་འདི་གནས་གསུམ་གྱིས་བཞག་ནས་གནས་པར་གྱིས་ཤིག། གསུམ་གང་ཞེ་ན། འདུན་པ་དང། བརྩོན་འགྲུས་ དང། བག་ཡོད་པའོ། །ཁྱེད་གནས་འདི་གསུམ་གྱིས་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྒྲུབས་པ་བླ་ན་མེད་པའི་ཆོས་དཀོན་མཆོག་གི་མཛོད་འདི་ལ་ གནས་ན་དགེ་བའི་རྩ་བ་མ་ཐོབ་པ་རྣམས་ཐོབ་པར་འགྱུར་རོ། །དགེ་བའི་ཆོས་ཐོབ་པ་རྣམས་ཡོངས་སུ་མི་ཉམས་པར་འགྱུར་རོ། །གལ་ཏེ་ཁྱེད་བསྐལ་པ་གྲངས་མེད་པ་བྱེ་བ་ ཁྲག་ཁྲིག་བརྒྱ་སྟོང་དུ་བསྒྲུབས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ལ་གནས་གསུམ་གྱིས་མི་གནས་ན་དགེ་བའི་ཆོས་མ་ཐོབ་པ་རྣམས་ཁྱེད་ཀྱིས་ཐོབ་ པར་མི་འགྱུར་ལ་དགེ་བའི་ཆོས་ཐོབ་པ་རྣམས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། འདི་ལྟར་ང་འཇིག་རྟེན་གྱི་ཡབ། འཇིག་རྟེན་གྱི་མགོན་ པོ། དོན་བཞེད་པ། ཕན་པར་བཞེད་པ། བདེ་བར་བཞེད་པ། གྲུབ་པ་དང་བདེ་བ་བཞེད་པ། ཕན་པ་བཞེད་པ། ཐུགས་བརྩེ་བ་ཅན། ཐུགས་རྗེ་དང་ལྡན་པས་གང་བྱ་བ་དེ་ནི་ ངས་བྱས་ཟིན་གྱི། ད་ཁྱོད་ཀྱིས་བྱོས་ཤིག། ཀུན་དགའ་བོ། བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྒྲུབས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ [176B] །གསུམ་གང་ཞེ་ན། མ་དད་པ་དང། མི་སྒྲུབ་པ་དང། མི་སྟོན་པའོ། །ཀུན་དགའ་བོ། དེ་བས་ན་དམ་པའི་ཆོས་ དཀོན་མཆོག་གི་མཛོད་འདི་བསྲུང་བའི་ཕྱིར་མངོན་པར་དད་པ་དང་བསྒྲུབ་པ་དང། བསྟན་པ་ལ་འདུན་པ་དང། བརྩོན་འགྲུས་དང། བག་ཡོད་པ་ལ་བརྩོན་པར་གྱིས་ ཤིག་དེ་ལྟར་བྱས་ན་ཆོས་ཀྱི་རྗེ་འཇིག་རྟེན་གྱི་ཡབ་ངའི་བྱ་བ་ཁྱེད་བུ་རྣམས་ཀྱིས་བྱས་པར་འགྱུར་རོ། །ཀུན་དགའ་བོ། དེ་བས་ན་བླ་ན་མེད་པའི་ཆོས་དཀོན་མཆོག་གི་མཛོད་ འདི་རྒྱ་ཆེར་ཡོངས་སུ་གཏད་པའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བྱ་སྟེ། འདི་ལ་སྐྱེས་བུ་མཁས་པ་ཁ་ཅིག་དཔེས་སྨྲས་པའི་དོན་ཤེས་པར་འགྱུར་ཏེ། བཅོམ་ལྡན་འདས་ ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ཅག་གི་དོན་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་ཕྱག་གཡས་ པས་ཚེ་དང་ལྡན་པ་ཀུན་དགའ་བོའི་ལག་པ་ནས་བཟུང་སྟེ། བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྒྲུབས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་འདི་ཡོངས་སུ་གཏད་དོ་སྙམ་ནས་དེ་དག་རྒྱ་ཆེར་ཡོངས་སུ་དགའ་བ་དང་མགུ་བར་འགྱུར་རོ། །ཀུན་དགའ་བོ། འདི་ལྟ་སྟེ། དཔེར་ན། དེད་དཔོན་བྱེས་སུ་སོང་ [177A]༄༅། །བས་གང་བདག་གི་བྱ་བ་ཅུང་ཟད་ཅི་ཡོད་པ་དང། འདྲོན་པ་ཐམས་ཅད་ཀྱི་གང་བྱ་བ་ཅུང་ཟད་ཅི་ཡོད་པ་དེ་དག་བྱས་ཟིན་པར་གྱུར་ན། ཀུན་དགའ་ བོ༑ དེ་ཇི་སྙམ་དུ་སེམས། དེད་དཔོན་དེ་བདག་གི་ཁྱིམ་དུ་འོང་ངམ་འོན་ཏེ་བྱེས་དེ་ཉིད་ན་འདུག་གམ། གསོལ་པ། བཅོམ་ལྡན་འདས། སླར་ཁྱིམ་དུ་མཆིའི། མི་མཆི་ བ་མ་མཆིས་སོ། །ཀུན་དགའ་བོ། དེ་བཞིན་དུ་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཡབ། འཇིག་རྟེན་གྱི་མགོན་པོ། འཇིག་རྟེན་གྱི་ཡོངས་སུ་འདྲེན་པ། དེད་དཔོན་ ཆེན་པོས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གང་བྱ་བ་དེ་དག་ཐམས་ཅད་ བྱས་ཟིན་ཏེ། དེ་ལ་སངས་རྒྱས་ཀྱི་བྱ་བ་གང་ཕྱིས་བྱ་དགོས་པ་ཅུང་ཟད་ཀྱང་མེད་དོ། །ད་ལྟ་སངས་རྒྱས་ཀྱིས་གདུལ་བའི་སེམས་ཅན་གང་མ་དལ་བའམ་མ་ཞི་བ་འགའ་ ཡང་མེད་དོ། །ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་གནས་གསུམ་ཡོངས་སུ་མ་རྫོགས། ཡོངས་ སུ་མ་བརྙེས་པར་ཡོངས་སུ་མྱ་ངན་ལས་མི་འདའི། གང་གི་ཚེ་གནས་དེ་གསུམ་མཛད་ཅིང་ཡོངས་སུ་རྫོགས་ལ་ཡོངས་སུ་བརྙེས་པར་གྱུར་པ་དེའི་ཚེ་ན་གདོད་དེ་བཞིན་གཤེགས་ [177B] །གསུམ་གང་ཞེ་ན། བྱང་ཆུབ་སེམས་དཔའ་གང་དེ་བཞིན་གཤེགས་པའི་བསྟན་པ་ནུབ་པའི་འོག་ཏུ་བསྐལ་པའམ། བསྐལ་པ་བྲྒྱའམ། བསྐལ་ པ་སྟོང་ངམ། བསྐལ་པ་བརྒྱ་སྟོང་ངམ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཕྱིར་མི་ལྡོག་པའི་ཆོས་ ལ་གནས་པར་མ་གྱུར་ལ། གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཉིད་དུ་དབང་པོ་ཡོངས་སུ་མ་སྨིན་པ་གཟིགས་ནས། དེའི་ཚེ་གང་ ཟག་དེ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཆོས་ཉིད་མ་ཐོབ་ཀྱི་བར་དུ་རྫུ་འཕྲུལ་གྱི་སྐུ་བྱིན་གྱིས་རློབ་སྟེ། དེའི་ཚེ་ཕྱིས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ནས་གདོད་དེ་བཞིན་གཤེགས་པ་རྣམས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའོ། ། དེ་བས་ན་ངས་ད་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཕྱིར་མི་ལྡོག་པའི་ཆོས་ཉིད་ལ་ལུང་བསྟན་ཅིང་བཀོད་དེ། ངའི་བྱ་བ་འདི་ དག་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་ཕྱིར་བྱས་ཟིན་ནོ། །ཀུན་དགའ་བོ། གཞན་ཡང་སངས་རྒྱས་ཀྱིས་མངོན་དུ་འདུལ་བ་ཐམས་ཅད་དུལ་བར་མ་གྱུར་གྱི་བར་དུ་དེ་བཞིན་ [178A]༄༅། །གཤེགས་པ་ཡོངས་སུ་མྱ་ངན་ལས་མི་འདའོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས། བསྐལ་པ་སྟོང་ཕྲག་མང་པོ་ཞིག་ནས་སངས་རྒྱས་བཅོམ་ ལྡན་འདས་གཞན་རྣམས་འབྱུང་བ་དང། འཇིག་རྟེན་གྱི་ཁམས་དེའམ་གཞན་དག་ཏུ་འགྲོ་བ་ལྔའི་ནང་ན་གང་ཡང་རུང་བའི་འགྲོ་བར་སྐྱེས་བའི་གང་ཟག་ཀྱང་སངས་རྒྱས་ ཀྱིས་འདུལ་བར་མཁྱེན་ལ། གང་ཟག་དེ་ལོ་གཅིག་གམ། ལོ་བྲྒྱའམ། ལོ་སྟོང་ངམ། ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ངམ། བསྐལ་པ་ལས་ལྷག་པ་ན་གང་ཟག་དེ་ངས་ འདུལ་བར་འགྱུར་གྱི། ཉན་ཐོས་ཀྱིས་མ་ཡིན། རང་སངས་རྒྱས་ཀྱིས་མ་ཡིན་པར་མཁྱེན་པར་འགྱུར་བ་དེའི་ཚེ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་ནས། གང་ཟག་དེ་ ལ་ཐུགས་བརྩེ་བའི་ཕྱིར་གང་ཟག་དེ་ཡོངས་སུ་སྨིན་པར་གྱུར་གྱི་བར་དུ་རྫུ་འཕྲུལ་གྱི་སྐུ་བྱིན་གྱིས་བརླབས་ནས་དེའི་འོག་ཏུ་གདོད་འདུལ་ཏེ། ཀུན་དགའ་བོ། འདི་ནི་གང་བྱས་ནས་ ཕྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་པ་དེ་བཞིན་གཤེགས་པ་རྣམས་ཀྱི་མཛད་པ་གཉིས་པའོ་།ཀུན་དགའ་བོ། གཞན་ ཡང་དེ་བཞིན་གཤེགས་པའི་མདོ་སྡེའམ། འདུལ་བའམ། མ་མོ་སངས་རྒྱས་ཀྱི་བསྟན་པའི་གསུང་རབ་ལས་དགོས་པ་འགའ་ཞིག་མངོན་སུམ་དུ་ཞུ་བའམ་བྱ་བ་ [178B] དེའང་ཉན་ཐོས་སློབ་པའམ་མི་སློབ་པ་དག་གིས་ཀྱང་ཤེས་པའམ། ཡང་དག་པར་བསྡུ་བའམ། བསྟན་པར་མི་ནུས་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི་དགེ་སློང་ གི་དགེ་འདུན་དེ་ལས་དགེ་སློང་གཅིག་ཙམ་ཡང་དེ་བཞིན་གཤེགས་པ་ལ་གནོད་པར་འགྱུར་དུ་འོང་ངོ་ཞེས་དེ་བཞིན་གཤེགས་པ་ལ་གུས་པར་ཞུ་ནུས་པ་མེད་པར་གྱུར་པ་ དེ་ན་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་དགེ་སློང་སྤྲུལ་པ་སྤྲུལ་པར་མཛད་དེ་སྤྲུལ་པ་དེ་དེ་བཞིན་གཤེགས་པ་ ལ། བཅོམ་ལྡན་འདས། བགྱི་བ་འདི་ལྟ་བུ་ཞིག་འདི་ལྟར་བྱུང་ན་ཇི་ལྟར་བགྱི་ཞེས་ཡོངས་སུ་ཞུའོ། །དེ་བཞིན་གཤེགས་པས་སྤྲུལ་པ་དེ་ལ། དགེ་སློང་བྱ་བ་དེ་འདི་ ལྟར་བྱོས་ཤིག་འདི་བྱས་ནས་འདི་ལྟར་བྱོས་ཤིག་ཅེས་དེ་སྐད་ཅེས་བཀའ་སྩལ་ཏོ། །གང་ཡོངས་སུ་མ་རྫོགས་པར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་ མི་འདའ་བའི་གནས་གསུམ་པོ་དེ་དག་དེ་བཞིན་གཤེགས་པས་ངེས་པར་མཛད་དགོས་པ་དེ་དག་ཐམས་ཅད་ངས་བྱས་ཤིང་ཡོངས་སུ་རྫོགས་ཏེ། འདི་ལ་ངས་ཉན་ ཐོས་རྣམས་ལ་བསླབ་པའི་འདུལ་བ་དང་སོ་སོར་ཐར་པ་ནི་བཅས་ངས་ལམ་ནི་བསྟན། དེ་བྱེད་པ་ཡང་དག་པར་སྡུག་བསྔལ་ཟད་པར་འགྱུར་པ་ངེས་པར་འབྱིན་ [179A]༄༅། །པའི་ལམ་ནི་བསྙད་ཟིན་ཏེ། ཕྱིས་བྱ་དགོས་པའི་ལྷག་མ་ཅིའང་མེད་དོ། །ཀུན་དགའ་བོ། དེ་ལྟར་བས་ན་ཁྱེད་ཀྱིས་མ་བཅས་པ་ནི་མི་བཅའ། བཅས་པ་ནི་མི་ གཞིག་སྟེ། ཀུན་དགའ་བོ། བསླབ་པ་ཇི་ལྟར་བཅས་པ་བཞིན་དུ་སློབས་ཤིག། ཀུན་དགའ་བོ། འདི་ནི་ཁྱེད་ཀྱིས་བྱ་བ་ཡིན་གྱི། བག་ཡོད་པ་དང། བག་ཡོད་པ་ལ་དགའ་བར་གྱིས་ ཤིག་འདི་ནི་ངའི་རྗེས་སུ་བསྟན་པ་ཡིན་གྱི། མྱ་ངན་མ་བྱེད་སྨྲེ་སྔགས་མ་འདོན་ཅིག། ཀུན་དགའ་བོ། དོ་མོད་ཀྱི་ཐུན་ཐ་མ་ལ་ང་ཡོངས་སུ་མྱ་ངན་ལས་འདའ་སྟེ། ཀུན་དགའ་ བོ༑ རང་གི་ཡུལ་དང། རང་གི་སྤྱོད་ཡུལ་དུ་འགྲོའོ། །སླར་འཇིག་རྟེན་འདིར་མི་འོང་ངོ། །འཇིག་རྟེན་ཕ་རོལ་ཏུའང་མི་འགྲོའོ་།ཕྱིན་ཆད་ཁྱེད་ཀྱིས་ང་མི་མཐོང། ངས་ཀྱང་ཁྱེད་མི་ མཐོང་ངོ། །ཀུན་དགའ་བོ། ཕུང་པོའི་ལྷག་མ་མེད་པར་མྱ་ངན་ལས་འདའ་བའི་དབྱིངས་ཞི་བ། བསིལ་བ། རྡུལ་མེད་པ། རྡུལ་དང་བྲལ་བ། སྡུག་བསྔལ་ཐམས་ཅད་རྣམ་ པར་ཞིབ། ཡིད་དུ་འོང་བའི་མྱ་ངན་ལས་འདས་པ། གང་ན་སྐྱེ་བའང་མེད། རྒ་བའང་མེད། འཆི་བའང་མེད། མྱ་ངན་ཡང་མེད་སྨྲེ་སྔགས་འདོན་པའང་མེད། སྡུག་ བསྔལ་དང་ཡིད་མི་བདེ་བ་དང་འཁྲུག་པའང་མེད། གནོད་པའང་མེད། མི་མཛའ་བ་དང་ཕྲད་པའང་མེད། མཛའ་བ་དང་འབྲལ་བའང་མེད་ཅིང་གང་དུ་སངས་རྒྱས་དང་ [179B]མ་སྙེད་བཞུད་ཟིན་པ་དང། བཞུད་པ་དང། བཞུད་པར་འགྱུར་བ་དེ་ལ་ང་དགའོ། །ཀུན་དགའ་བོ། སེམས་ཅན་རྣམས་ཕུང་པོའི་ལྷག་མ་མེད་པའི་ མྱ་ངན་ལས་འདས་པའི་དབྱིངས་ལ་མི་དགའ་བ་དང། དེ་དག་མྱ་ངན་ལས་འདས་པ་ཐོབ་པའི་ས་བོན་དུ་འགྱུར་བ་ཐར་པའི་རྗེས་སུ་མཐུན་པ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་ ཀྱང་མི་སྐྱེད་པ་ལ་ལྟོས། ཀུན་དགའ་བོ། བྱིས་པ་སོ་སོ་སྐྱེ་བོ་ལ་སྟོབས་ག་ལ་ཡོད། ཀུན་དགའ་བོ། བྱིས་པ་སོ་སོ་སྐྱེ་བོ་ཐམས་ཅད་ནི་སྟོབས་མེད་ཅིང་སྟོབས་ཆུང་བ་སྟེ། ཀུན་དགའ་ བོ། བྱིས་པ་སོ་སོ་སྐྱེ་བོ་འདི་དག་ཐམས་ཅད་ནི་རྩྭ་དང་ཕུབ་མ་དང་སོག་མ་དང་མཚུངས་པར་སྣང་ངོ། །ཀུན་དགའ་བོ། བྱིས་པ་སོ་སོ་སྐྱེ་བོ་དག་ནི་མྱ་ངན་ལས་འདས་པའི་ས་བོན་ དུ་འགྱུར་བ་ཐར་པའི་རྗེས་སུ་མཐུན་པ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་ཀྱང་མི་བསྐྱེད་པ་དག་སྟེ། དེ་དག་ལ་སྟོབས་ག་ལ་ཡོད་དབུགས་དབྱུང་བ་ལྟ་ག་ལ་ཡོད། ཀུན་དགའ་ བོ། བྱིས་པ་སོ་སོ་སྐྱེ་བོ་རྣམས་ལ་ཚུལ་ཁྲིམས་ཀྱི་སྟོབས་མེད་ཏིང་ངེ་འཛིན་གྱི་སྟོབས་མེད། ཤེས་རབ་ཀྱི་སྟོབས་མེད་དོ། །ཀུན་དགའ་བོ། ང་ནི་སངས་རྒྱས་ཀྱི་སྟོབས་དཔག་ཏུ་ མེད་པ་དང། གྲངས་མེད་པ་དང། བསམ་གྱིས་མི་ཁྱབ་པ་དང་གཞལ་དུ་མེད་པ་དང། ཚད་མེད་པ་དང་ལྡན་ཞིང་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་དང། རྣམ་ [180A]༄༅། །པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་སྟོབས་རྣམས་དང་ལྡན་ལ། ངོ་ཚ་ཤེས་པའི་སྟོབས་དང་ཁྲེལ་ཡོད་པའི་སྟོབས་དང། ཡང་ དག་པར་འགྲུབ་པའི་སྟོབས་དང། ཡེ་ཤེས་ཀྱི་སྟོབས་དང། སྤོང་བའི་སྟོབས་དང། བསོད་ནམས་ཀྱི་སྟོབས་དང། ཤེས་རབ་ཀྱི་སྟོབས་དང་དབང་པོའི་སྟོབས་དང། བྱིན་ གྱི་རླབས་ཀྱི་སྟོབས་དང། སྟོབས་བཅུ་དང་ལྡན་པ་སྟེ། ཀུན་དགའ་བོ། འོན་ཀྱང་ང་མྱ་ངན་ལས་འདས་པའི་དབྱིངས་དེ་ལ་དགའོ། །དེ་ལ་བྱིས་པ་མུན་ནག་གི་སྒོར་གྱུར་པ། མི་ ཤེས་པའི་ཆོས་དང་ལྡན་པ། འཁོར་བ་ན་རྒྱུ་བ། བཅིང་བས་བཅིངས་པ་ལ་དགའ་བ་དེ་དག་ནི་མྱ་ངན་ལས་འདས་པའི་ས་བོན་དུ་འགྱུར་བ་རྗེས་སུ་མཐུན་པའི་སེམས་གཅིག་ ཀྱང་མི་སྐྱེད་དོ། །ཀུན་དགའ་བོ། ཕྱི་མའི་དུས་ཕྱི་མའི་ཚེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ལྟ་བུ་བསྟོད་ཅིང་བཞག་སྟེ་བཤད་པ་དེ་དག་ དེ་བཞིན་གཤེགས་པ་འདས་པའི་འོག་ཏུ་དེ་དག་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་ཉན་ནོ། །ཐོས་ནས་གལ་ཏེ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ ལས་འདས་པའི་དབྱིངས་འདི་མ་ཐོབ་ཀྱང་ངའི་ཆོས་རིན་པོ་ཆེའི་སྣོད་འདི་ལ་འཇུག་པར་འགྱུར་བ་དག་ཡོད་དེ། ཀུན་དགའ་བོ། དོན་འདི་ཉིད་རྒྱ་ཆེར་ཤེས་པར་བྱ་བའི་ཕྱིར་ [180B] །ཀུན་དགའ་བོ། འདི་ལྟ་སྟེ་དཔེར་ན། འདྲོན་པ་མང་པོ་དག་འབྲོག་དགོན་པ་ཆེན་པོ་ལས་འདས་ཏེ་ཆོམ་རྐུན་གྱི་ལམ་འཇིགས་པ་དང་བཅས་པ་ལས་འདས་ ནས༑ འཇིགས་པ་མེད་པའི་གྲོང་ཁྱེར་དུ་ཕྱིན་པ་དེའི་ནང་ནས་མི་གཅིག་ཅིག་འདྲོན་པ་མང་པོ་དེ་དང་བྲལ་ཞིང་ཁྱམས་པར་གྱུར་ལ་དེ་འདྲོན་པ་མང་པོ་དེའི་རྗེས་བཞིན་དུ་འགྲོ་ཞིང་ འདྲོན་པ་མང་པོ་ལམ་གང་ནས་དོང་བའི་རྗེས་བཞིན་དུ་སྡུག་བསྔལ་བ་དང། ཉོན་མོངས་པ་དང། ཚེགས་ཆེན་པོས་སོང་ནས་འདྲོན་པ་མང་པོ་དང་ཕྲད་པར་གྱུར་པ་དེ་བཞིན་དུ། ཀུན་ དགའ་བོ། གང་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ད་ལྟར་མདོ་སྡེ་འདི་ལྟ་བུ་དག་བཤད་པ་དེ་ ལ་མ་འོངས་པའི་དུས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་མདོ་སྡེ་འདི་ལྟ་བུ་དག་ཐོས་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་འདི་སྒྲས་གོ་བར་འགྱུར་ བ་དག་ཡོད་པས་ངས་དམ་པའི་ཆོས་ཀྱི་གྲོང་ཁྱེར་འདི་བཞག་གོ་དེ་དག་ལྷགས་ནས་ངའི་དམ་པའི་ཆོས་ཀྱི་གྲོང་ཁྱེར་འདིར་གནས་པར་བྱེད་ཅིང་ངའི་དམ་པའི་ཆོས་ཀྱི་མཛོད་འདི་ སྲུང་བར་བྱེད། ཡང་དག་པར་སྟོན་པར་ཡང་བྱེད་དོ། །ཀུན་དགའ་བོ་གང་ཟག་གཅིག་གི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་གཏད་ནའང་ཁྱོད་ཀྱིས་ [181A]༄༅། །ལེགས་པར་གཟུང་དགོས་ན་སེམས་ཅན་བརྒྱ་སྟོང་དཔག་ཏུ་མེད་པ་རྣམས་ཀྱི་ཕྱིར་གཏད་པ་ལྟ་ཅི་སྨོས། ཀུན་དགའ་བོ། དེ་བས་ན་བསྐལ་པ་གྲངས་མེད་པ་ བྱེ་བར་བསྒྲུབས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་དང། དམ་པའི་ཆོས་དཀོན་མཆོག་གི་མཛོད་འདི་ཁྱོད་ལ་གཏད་ཀྱི། ཅི་ནས་ཀྱང་འཁོར་བཞི་པོ་དད་པ་ རྣམས་ལ་རྗེས་སུ་མཐུན་པར་བྱ་བ་དང། འཇུག་པ་དང། བཤད་པ་དང། གདགས་པ་དང། དགྲོལ་བ་དང། རྣམ་པར་དབྱེ་བ་དང། གསལ་བར་བྱོས་ཤིག། སྐྱེས་བུ་ཐ་མ་ པར་མ་གྱུར་ཅིག་ཀུན་དགའ་བོ། གང་མདོ་སྡེ་འདི་ལྟ་བུ་དག་མ་ཐོས་པས་ཡོངས་སུ་ཉམས་པར་འགྱུར་བའི་སེམས་ཅན་དག་ཡོད་དོ། །ཀུན་དགའ་བོ། དེ་ལ་སྐྱེས་བུ་མཁས་ པ་ཁ་ཅིག་དཔེས་སྨྲས་པའི་དོན་ཤེས་པར་འགྱུར་ཏེ། དེའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བྱའོ། །ཀུན་དགའ་བོ། འདི་ལྟ་སྟེ། དཔེར་ན་ཚོང་དཔོན་ནམ་ཁྱིམ་བདག་ཕྱུག་པ་ ནོར་ཆེ་བ་ལོངས་སྤྱོད་ཆེ་བ། བདག་དབང་བ་མང་བ། རྫས་དང་ཡོ་བྱད་མང་བ། ནོར་དང་འབྲུ་མང་བ། བདག་དབང་བའི་སྐྱེ་བོ་མང་བ། མཛོད་དང་བང་བ་མང་བ་ཞིག་ཡོད་ པ་དེའི་བུ་གཅིག་པ་ཞིག་བྱེས་སུ་སོང་བར་གྱུར་ལ། ཚོང་དཔོན་ནམ་ཁྱིམ་བདག་དེའང་ན་ཞིང་མི་བདེ་ལ་ཤིན་ཏུ་སྡུག་བསྔལ་བར་གྱུར་ཏེ་དེ་འཆི་བའི་དུས་ལ་བབ་པའི་ [181B] ཁྱིམ་བདག་གཞན་ཞིག་ལ་ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། གསེར་དང་དངུལ་མང་པོ་དང། རིན་པོ་ཆེ་མང་པོ་རྣམས་བཞག་སྟེ་ ངས་རིན་པོ་ཆེ་དེ་དག་བཞག་ནས་ཚོང་དཔོན་ནམ་ཁྱིམ་བདག་དེ་ལ་འདི་སྐད་ཅེས་ཁྱེད་ཤེས་པར་གྱིས་ཤིག། ཁོ་བོའི་བུ་གཅིག་པ་དེ་ནི་བྱེས་སུ་སོང། ཁོ་བོ་ནི་ད་ལྟ་ན་ཞིང་མི་བདེ་སྟེ་ རིང་པོ་མི་ཐོགས་པར་ཁོ་བོ་འཆི་བའི་དུས་བྱེད་པར་འགྱུར་གྱི། རིན་པོ་ཆེ་དང་བང་མཛོད་མང་པོ་འདི་དག་བུ་གཅིག་པ་དེའི་ཕྱིར་ཁྱོད་ཀྱི་ལག་ཏུ་བཞག་གོ། ནམ་བདག་གི་བུ་ གཅིག་པ་དེ་བྱེས་དེ་ནས་འོངས་ཏེ། དེ་བག་ཡོད་ལ་བག་ཡོད་པའི་ཆོས་ལ་གནས་པར་གྱུར་པ་དེ་ན་རིན་པོ་ཆེ་འདི་རྣམས་བྱིན་ཅིག་བྱིན་ནས་ཀྱང་འདི་སྐད་དུ་གཞོན་ནུ་ཁྱོད་ཀྱི་ཕ་ འཆི་ཀར་རིན་པོ་ཆེ་མང་པོ་འདི་དག་ཁྱོད་ཀྱི་ཕྱིར་ང་ལ་བཞག་སྟེ། ཁྱོད་ཀྱི་ཕའི་ནོར་གྱི་ཚོགས་འདི་བདག་གི་ལོངས་སྤྱོད་ཡིན་གྱི། ཁྱེར་ལ་བག་ཡོད་པར་བསྲུངས་ཏེ་ཅི་ནས་ ཀྱང་ཆུད་མཟོས་པར་གྱིས་ཞེས་བསྒོ་ཞིག་ཅེས་སྨྲས་ལ། དེ་ནས་ཚོང་དཔོན་ནམ་ཁྱིམ་བདག་དེས་ཚོང་དཔོན་གཅིག་ཤོས་ལས་རིན་པོ་ཆེའི་མཛོད་མང་པོ་བཞག་པ་བླངས་ ནས་ཚོང་དཔོན་གྱི་བུ་བྱེས་ནས་འོངས་པ་ལ་རིན་པོ་ཆེའི་མཛོད་བཞག་པ་དེ་མ་བྱིན་ན། ཀུན་དགའ་བོ། དེ་ཇི་སྙམ་དུ་སེམས། དེ་ལ་སུས་ཉེས་པར་འགྱུར། དེ་སྐད་ཅེས་བཀའ་ [182A]༄༅། །སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་ཚོང་དཔོན་དེའི་རིན་པོ་ཆེ་མང་པོ་ བཞག་པ་བླངས་ནས་ཚོང་དཔོན་གྱི་བུ་དེ་ལ་མ་སྩལ་བས་བཞག་པ་འཆང་བའི་ཁྱིམ་བདག་དེས་ནོངས་པར་འགྱུར་རོ། །བཀའ་སྩལ་པ་ཀུན་དགའ་བོ། དོན་དེ་ཤེས་པར་བྱ་བའི་ ཕྱིར་ངས་དཔེ་བསྟན་པ་དེ་ལ་དོན་དུ་ལྟ་བ་གང་ཞེ་ན། ཀུན་དགའ་བོ། ཁྱིམ་བདག་ཅེས་བྱ་བ་དེ་ནི་བཞིན་གཤེགས་པའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། འཆི་བའི་དུས་ཀྱི་ ཚེ་ཞེས་བྱ་བའི་དེ་ནི་དེ་བཞིན་གཤེགས་པའི་ཡོངས་སུ་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། བུ་གཅིག་པ་ཞེས་བྱ་བ་དེ་ནི་མ་འོངས་པའི་རིགས་ ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་རྣམས་ཀྱི་ཚིགས་བླ་དྭགས་སོ། །ཀུན་དགའ་བོ། བྱེས་སུ་སོང་བ་ཞེས་བྱ་བ་དེ་ནི་འགྲོ་བ་ལྔའི་འཁོར་བར་སྐྱེ་བའི་ཚིག་བླ་དྭགས་སོ། ། ཀུན་དགའ་བོ། རིན་པོ་ཆེའི་མཛོད་ཆེན་པོ་ཞེས་བྱ་བ་དེ་ནི་བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་པ་ཆོས་དཀོན་མཆོག་འདིའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། བཞག་ པ་འཆང་པ་ཞེས་བྱ་བ་དེ་ནི་ཁྱེད་ལྟ་བུ་དམ་པའི་ཆོས་ཀྱི་གྲོང་ཁྱེར་འདི་སྐྱོང་བ་ཉན་ཐོས་ཆེན་པོ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚིག་བླ་དྭགས་ [182B] ༑ཀུན་དགའ་བོ། དེ་ལྟར་བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་པའི་ཆོས་དཀོན་མཆོག་གི་མཛོད་ཆེན་པོ་འདི་མ་འོངས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ཀྱི་དོན་དུ་ཁྱོད་ དང། འོད་སྲུང་ཆེན་པོ་དང། བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་ལ་གཏད་ཀྱི། མ་འོངས་པ་ན་ངའི་བུ་དད་པ་དད་ལྡན་ཞིང་མངོན་པར་དད་པ་རྣམས་ལ་ཅི་ནས་ཀྱང་རྗེས་སུ་མཐུན་པ་ དང་རྗེས་སུ་བསྟན་པས་དམ་པའི་ཆོས་དཀོན་མཆོག་གི་མཛོད་འདི་བྱིན་ཅིག། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། ང་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་ཡོངས་སུ་སྨིན་པར་བྱས་ པའི་སེམས་ཅན་དག་ཡོད་དེ། དེ་དག་ད་ལྟ་ཉེས་པར་བྱས་ཤིང་ཉེས་པར་སྤྱད་པས་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ་གཤིན་རྗེའི་འཇིག་རྟེན་དུ་དོང་ ངོ། །དེ་དག་དེ་བཞིན་གཤེགས་པ་འདས་པའི་འོག་ཏུ་དེ་ནས་ཤི་འཕོས་ནས་མིར་སྐྱེ་བར་འགྱུར་རོ། །དེ་དག་དབང་པོ་རྒྱས་ཤིང་ཡོངས་སུ་སྨིན་པའི་རྒྱུས་ངའི་བསྟན་པ་འདི་ལ་ ཚོགས་ཆུང་དུས་དད་པར་འགྱུར་ཏེ། དེ་ལ་ཁ་ཅིག་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འགྱུར་རོ། །ཁ་ཅིག་ནི་ཁྱིམ་ན་གནས་པར་འགྱུར་རོ། །དེ་དག་ངའི་མདོ་སྡེ་འདི་ལྟ་བུ་ ཐོས་ནས་ཁྱད་པར་དུ་འགྲོ་བར་འགྱུར་ཏེ། དེ་དག་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། ། [183A]༄༅། །ཀུན་དགའ་བོ། བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྒྲུབས་པ་དམ་པའི་ཆོས་དཀོན་མཆོག་གི་མཛོད་འདི་འདི་ལྟར་རིགས་ཀྱི་བུ་རྣམས་ ཀྱིས་མཉན་པར་བྱ་བའི་ཕྱིར་དེ་དག་གི་དོན་དུ་ཁྱོད་ཀྱི་ལག་ཏུ་གཏད་པས་གཏད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། འདི་ལྟར་སེམས་ཅན་དེ་དག་ནི་དགེ་བའི་ལམ་འདི་ལྟ་ བུ་དག་མ་ཐོས་པ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །ཀུན་དགའ་བོ་དེ་བས་ན་ཅི་ནས་ཀྱང་དེ་དག་འདི་ལྟ་བུ་ཐོས་པ་ལས་ཉམས་པར་མི་འགྱུར་བར་བྱ་བའི་ཕྱིར་མ་འོངས་པ་ དེ་དག་ཁྱོད་ལ་གཏད་དོ། །ཀུན་དགའ་བོ། འདི་ལ་སྐྱེས་བུ་མཁས་པ་ཁ་ཅིག་ནི་དཔེས་སྨྲས་པའི་དོན་ཤེས་པར་འགྱུར་ཏེ། དེའི་ཕྱིར་དོན་འདི་རྒྱ་ཆེར་ཤེས་པར་བྱ་བའི་ཕྱིར་ཁྱོད་ ལ་དཔེ་བསྟན་པར་བྱའོ། །ཀུན་དགའ་བོ། འདི་ལྟ་སྟེ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་ཕོས་དཀོར་བ་དང་མངན་རྣམས་ལ་མཛོད་དང་བང་བ་ཐམས་ཅད་གཏད་དེ་ ཀྱེ་མི་ཁྱེད་དགེ་སྦྱོང་དང། བྲམ་ཟེ་དང། བཀྲེན་པ་དང། འདྲོན་པ་དང། སྡུག་ཕོངས་པ་སློང་བ་ཟས་འདོད་པ་རྣམས་ལ་ཟས་དང་སྐོམ་འདོད་པ་རྣམས་ལ་སྐོམ་དང་ བཞོན་པ་དང། གོས་དང། མེ་ཏོག་དང། སྤོས་དང། ཕྲེང་བ་དང་བྱུག་པ་དང། མལ་ཆ་དང། གནས་དང། རྒྱབ་རྟེན་དང། འཚོ་བའི་ཡོ་བྱད་གང་ཡང་རུང་བ་རྣམས་ [183B]ལས། དེ་ལ་དཀོར་བ་དང་མངན་རྣམས་ལ་མཛོད་དང་བང་བ་དེ་ཕྱེའང་སྦྱིན་པ་དེ་སྦྱིན་པར་མི་བྱེད་ན། ཀུན་དགའ་བོ་ དེ་ཇི་སྙམ་དུ་སེམས། །དེ་ལ་སུས་ཉེས་པར་འགྱུར། གསོལ་པ། བཙུན་པ་བཅོམ་ལྡན་འདས། དཀོར་བ་དང་མངན་དེ་དག་གིས་ནོངས་པར་འགྱུར་གྱི། འཁོར་ལོས་བསྒྱུར་བའི་རྒྱལ་ པོས་ནི་མ་ནོངས་སོ། །བཀའ་སྩལ་པ། ཀུན་དགའ་བོ། དེ་བཞིན་དུ་ཆོས་ཀྱི་རྒྱལ་པོ་ངས་ཆོས་ཀྱི་བང་མཛོད་ཆེན་པོ་འདི་རབ་ཏུ་བསགས་ནས་བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་ པའི་ཆོས་དཀོན་མཆོག་གི་མཛོད་འདི་མངོན་པར་རྫོགས་པར་སངས་རྒྱས་ནས་ཡངས་ཤིང་རྒྱ་ཆེ་བར་བྱས་ཏེ། ལྷ་དང་མི་རྣམས་ལ་རྣམ་པར་ཕྱེ་ཞིང་རབ་ཏུ་བསྟན་ནོ། །གང་ངས་ བསྟན་པའི་ཆོས་དེ་ཁྱོད་ལའང་རྣམ་པར་ཕྱེ་སྟེ་སྦྱིན་གྱི། བྱིས་པ་སོ་སོའི་སྐྱེ་བོ་དང། དགེ་སྦྱོང་དང། བྲམ་ཟེ་དང། ཁྱིམ་བདག་དད་པ། དོན་འདོད་པ། ཆོས་འདོད་པ་རྣམས་ཉན་ དུ་ཆུག་ཅིག། ཀུན་དགའ་བོ། གལ་ཏེ་ངའི་ཆོས་དཀོན་མཆོག་གི་མཛོད་འདི་རྣམ་པར་ཕྱེ་ཞིང་ཡང་དག་པར་རབ་ཏུ་བསྟན་ཏེ་ཁྱོད་ཀྱི་ལག་ཏུ་གཏད་པ་དེ་བྲམ་ཟེ་དང་ཁྱིམ་བདག་ དད་པ་རྣམས་ལ་མ་བསྟན། བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དོན་དུ་གཉེར་ཅིང་འདུན་པ་དང་དད་པ་དང་ལྡན་ཞིང་དད་པ་རྣམས་ལ་མི་སྟོན་ན། དེ་ལྟ་ན་ནི་ཀུན་ [184A]༄༅། །དགའ་བོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་ཉེས་པ་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། ང་ནི་རྒྱལ་པོ་སྟེ། བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་ ཆོས་ཀྱི་འཁོར་ལོས་བསྒྱུར་བ། ཆོས་དཀོན་མཆོག་གི་མཛོད་རྒྱ་ཆེན་པོ་མང་པོ་དང་ལྡན་པ། ཡོན་ཏན་གྱི་བང་མཛོད་མང་པོ་དང་ལྡན་པ། བྱང་ཆུབ་ཀྱི་ཕྱོགས་མང་པོའི་བདག་ པོ༑ བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་སྣ་བདུན་དང་ལྡན་པ་སྟོབས་བཅུ་དང། མི་འཇིགས་པ་བཞིའི་དབང་ཐོབ་པ། ཆོས་ཐམས་ཅད་ལ་དབང་སྒྱུར་བའོ། །འདི་ལྟ་སྟེ། ཆོས་ཀྱི་ ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ཆོས་ཀྱི་བང་མཛོད་ཇི་སྲིད་འཛིན་གྱི་བར་དུ་བྲམ་ཟེ་དང་ཁྱིམ་བདག་དད་པ་རྣམས་དང། བྱིས་པ་སོ་སོའི་སྐྱེ་བོ་དད་པས་དོན་དུ་གཉེར་བ་དང་ འདུན་པ་དང། ཆོས་འདོད་པ་དང། ཆོས་ཀྱི་སྣོད་དུ་གྱུར་པ་རྣམས་ལ་མ་རྟོག་པར་བྱིན་ཅིག་སྐྱེས་བུ་ཐ་མ་པར་མ་གྱུར་ཅིག་ཀུན་དགའ་བོ། ཁྱོད་གལ་ཏེ་བསྐལ་པ་གྲངས་ མེད་པ་བྱེ་བར་བསྒྲུབས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་དང། བླ་ན་མེད་པའི་ཆོས་དཀོན་མཆོག་གི་མཛོད་འདི་འཁོར་བཞི་རྣམས་ལ་ཡང་དག་པར་རབ་ ཏུ་སྟོན་ན། དེ་ལྟ་ན་ནི་ཀུན་དགའ་བོ་ཁྱོད་དེ་བཞིན་གཤེགས་པ་ལ་ཉེས་པ་བྱེད་པར་མི་འགྱུར་རོ། །ཅི་སྟེ་ཡང་དག་པར་རབ་ཏུ་མི་སྟོན་ན་ཉེས་པ་བྱེད་པར་འགྱུར་ [184B] ༑ཀུན་དགའ་བོ། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་གང་འདུས་མ་བྱས་ཀྱི་ཆོས་རྗེས་སུ་ཐོབ་ནས་གཞན་ལ་མི་འཆད། ཡང་དག་པར་རབ་ཏུ་མི་སྟོན་པ་དེས་སྟོན་ པ་ལ་བསྙེན་བཀུར་བྱས་པར་མི་འགྱུར། དེས་ངའི་དམ་པའི་ཆོས་ཡོངས་སུ་བཟུང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། འདི་ལ་སྐྱེས་བུ་མཁས་པ་ཁ་ཅིག་དཔེས་ སྨྲས་པའི་དོན་ཤེས་པར་འགྱུར་བས་ཁྱོད་ལ་དཔེ་བསྟན་པར་བྱའོ་།ཀུན་དགའ་བོ། འདི་ལྟ་སྟེ། དཔེར་ན། ཚོང་དཔོན་ནམ་ཁྱིམ་བདག་ཕྱུག་པོ་ནོར་ཆེ་བ། ལོངས་སྤྱོད་ཆེ་བ་ བང་མཛོད་མང་བ། ནོར་དང། འབྲུ་དང། རྫས་དང། ཡོ་བྱད་མང་བ། ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། དངུལ་མང་པོ་ཡོད་ པ་དེ་ལ་ཕྱིར་རྒོལ་བའམ། དགྲ་བོ་འགའ་ཞིག་བང་མཛོད་དེར་མེ་གཏོང་བ་དང། གང་དེ་དང་མི་མཛའ་བ་ཕྱིར་རྒོལ་བ་དགྲ་བོར་གྱུར་པ། མི་ཕན་པར་འདོད་པ། །མི་བདེ་བར་ འདོད་པ། གྲུབ་པ་དང། བདེ་བ་མི་འདོད་པ་གཞན་དེ་དག་ཀྱང་བང་མཛོད་ཚིག་པའི་མེ་དེ་མཐོང་ནས་མེ་མི་གསོད་ཅིང་གཡེལ་བར་གནས་པ་དང། གང་དེའི་མཛའ་བོ་ ཕན་པར་འདོད་པ། བདེ་བར་འདོད་པ། གྲུབ་པ་དང་བདེ་བར་འདོད་པ་དེ་དག་གིས་ཀྱང་མེའི་ཕུང་པོ་ཆེན་པོ་དེས་ནོར་དང་འབྲུ་མང་པོ་དེ་དག་ཚིག་པ་མཐོང་ནས་གཡེལ་ [185A]༄༅། །བར་གནས་པ་དང། ཚོང་དཔོན་ནམ། ཁྱིམ་བདག་དེའི་མཛའ་བཤེས་དང། ཉེ་དུ་དང། སྣག་གི་གཉེན་མཚམས་དོན་འདོད་པ་གྲུབ་པ་དང། བདེ་བར་ འདོད་པ་དེ་དག་མེ་དེ་མཐོང་ནས་མེ་དེ་མི་གསོད་དེ། གཡེལ་བར་གནས་ན་ཡང་དག་པར་ཞུགས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བདེ་བར་ གཤེགས་པ། མ་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ། གང་དག་ཚོང་དཔོན་ནམ། ཁྱིམ་བདག་གི་དོན་འདོད་པ། ཕན་པ་འདོད་པ། བདེ་བར་འདོད་པ། གྲུབ་པ་ དང་བདེ་བ་འདོད་པ་དེ་དག་ཀྱང་བང་མཛོད་ཚིག་པའི་མེ་དེ་མཐོང་ལ། བང་མཛོད་དེ་དག་གི་མེ་བསད་པ་ལ་གཡེལ་བར་གནས་ན་མེའི་ཕུང་པོ་དེས་རྒྱ་ཆེར་བང་མཛོད་ཐམས་ ཅད་ཚིག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། དེ་ལྟ་ལགས་སོ་།བདེ་བར་གཤེགས་པ། དེ་ལྟ་ལགས་སོ། བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་དུ་ ངས་བསྐལ་པ་གྲངས་མེད་པ་བྱེ་བར་དགེ་བའི་རྩ་བས་བསྒྲུབས་པའི་ཆོས་དཀོན་མཆོག་གི་བང་མཛོད་བླ་ན་མེད་པ་འདི་འཇིག་ཅིང་མི་སྣང་བར་གྱུར་པ་ན། དགེ་སློང་གང་མ་ དད་པ། ཚུལ་ཁྲིམས་འཆལ་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་འཕྱར་བ་སྔོན་དུ་འགྲོ་བ། རབ་ཏུ་དབེན་པ་ལ་བརྩོན་པ་བོར་བ་སྙོམས་ལས་ཅན། ལེ་ལོ་ཅན། ཐོས་པ་ [185B] ཉན་པ་ལ་འདུན་པར་ཡང་མི་འགྱུར་ཆོས་དཀོན་མཆོག་འདི་ཡང་དག་པར་གཟུང་བའི་ཕྱིར། གཞན་དག་ཉན་དུ་འཇུག་པར་ལྟ་ག་ལ་འགྱུར་ བ་དེ་ལྟ་བུ་དག་འབྱུང་ངོ། །བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ནི་ཆོས་དཀོན་མཆོག་གི་བང་མཛོད་འདི་ལྟ་བུ་མེས་ཚིག་པ་མཐོང་ན་མེ་དེ་ བསད་པ་ལ་གཡེལ་བར་གནས་ན། ཀུན་དགའ་བོ། དེ་ཇི་སྙམ་དུ་སེམས་ཆོས་དཀོན་མཆོག་འདི་ལྟ་བུ་ལས་ཡོངས་སུ་ཉམས་པར་མི་འགྱུར་རམ་དགེ་སློང་གང་དགྲ་ བཅོམ་པ་ཟག་པ་ཟད་པ་དེ་དག་ཀྱང་འདུས་མ་བྱས་མངོན་སུམ་དུ་བྱས་ནས། ཆོས་བཤད་པ་དང། རབ་ཏུ་བསྟན་པ་ཡ་ལ་བར་འདོར་བར་གནས་པ་དག་འབྱུང་སྟེ། དེ་དག་གིས་ ཀྱང་སྟོན་པ་ལ་བསྙེན་བཀུར་བྱས་པར་མི་འགྱུར་ལ། ངའི་དམ་པའི་ཆོས་ཀྱང་ཡོངས་སུ་གཟུང་བར་མི་འགྱུར་ཏེ། ཆོས་དཀོན་མཆོག་གི་མཛོད་བླ་ན་མེད་པ་དེ་ལྟར་མ་བཤད་པ་དང་ ཀློག་ཏུ་མ་བཅུག་པས་ནུབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་།དེ་ལྟ་ལགས་སོ། །བདེ་བར་གཤེགས་པ། དེ་ལྟ་ལགས་སོ། །ཀུན་དགའ་བོ། །ཅི་ནས་འདིར་སྐྱེས་བུ་ མཁས་པ་ཁ་ཅིག་དཔེས་སྨྲས་པའི་དོན་ཤེས་པར་འགྱུར་ཞིང། །དོན་འདི་རྒྱ་ཆེར་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བྱའོ། །ཀུན་དགའ་བོ། འདི་ལྟ་སྟེ། ། [186A]༄༅། །དཔེར་ན། མི་ལ་ལ་མཚན་མོ་མུན་པ་རབ་ཏུ་གནག་པ་ན་རྩྭའི་སྒྲོན་མ་ཐོགས་ནས་བདག་གི་ཁྱིམ་དུ་སོང་ཞིང། དེ་ནའང་སྐྱེ་བོ་ཕལ་པོ་ཆེ་མུན་གནག་དེ་ལས་ ཐར་པར་འདོད་པ་རྣམས་ཚོགས་པར་འགྱུར་ལ། མི་དེ་རྩྭའི་སྒྲོན་མ་དེས་མུན་པ་མུན་གནག་ལས་ཐར་ནས། བདག་གི་ཁྱིམ་དུ་ཞུགས་ཏེ་སྒྲོན་མ་དེ་བསད་ནས་སུ་ལའང་མི་སྟེར་ ན༑ ཀུན་དགའ་བོ། དེ་ཇི་སྙམ་དུ་སེམས། གང་སྒྲོན་མ་ཡོད་བཞིན་དུ་སྐྱེ་བོ་མང་པོ་མུན་ནག་དེ་ལས་ཐར་བར་འདོད་པ་དག་འཁོད་པ་གང་ལའང་རྩྭའི་སྒྲོན་མ་མི་སྟེར་ན། ཀུན་ དགའ་བོ། སྐྱེས་བུ་དེ་དེ་ལྟར་བྱེད་ན་ལེགས་པར་བྱ་བ་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བདེ་བར་གཤེགས་པ། མ་ལགས་སོ། །བཀའ་སྩལ་ པ༑ ཀུན་དགའ་བོ། དེ་བཞིན་དུ་དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་གང་འདུས་མ་བྱས་ཀྱི་ཆོས་མངོན་སུམ་དུ་བྱས་ནས་བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་པ་ཆོས་ དཀོན་མཆོག་གི་མཛོད་འདི་མི་འཆད་[?]རབ་ཏུ་མི་སྟོན་གཞན་དག་ལ་རྒྱས་པར་མི་བྱེད་ན། ཀུན་དགའ་བོ། ངས་སྟོན་པ་ལ་བསྙེན་བཀུར་བྱས་པ་མ་ཡིན་ལ། ངའི་དམ་ པའི་ཆོས་ཡོངས་སུ་བཟུང་བ་མ་ཡིན་ནོ། །ཀུན་དགའ་བོ། དེ་བས་ན་བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་པ་ཆོས་དཀོན་མཆོག་གི་མཛོད་འདི་ཁྱོད་ལ་གཏད་ཀྱི། ཅི་ནས་ [186B] དགེ་བའི་ལམ་འདི་རྒྱུན་དུ་འབྱུང་བར་གཞན་དག་ལ་རྒྱ་ཆེར་རབ་ཏུ་སྟོན་ཅིག་སྐྱེས་བུ་ཐ་མ་པར་མ་གྱུར་ཅིག། །།བམ་པོ་དྲུག་པ་སྟེ་ཐ་མ་ ཀུན་དགའ་བོ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ་དགེ་བསྙེན་མ་གང་ལ་ལ་ཞིག་ཆོས་འདི་དག་ལ་བདག་ཀྱང་སྒྲུབ་ལ་གཞན་ལའང་འཆད་ཅིང་རབ་ཏུ་སྟོན་ན། ཀུན་ དགའ་བོ། དེ་ལ་ངས་བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་པའི་ཆོས་དཀོན་མཆོག་གི་མཛོད་འདི་ལས་ཆ་ཤས་སྦྱིན་ཞིང་སྐལ་པ་བཞག་གོ། ཀུན་དགའ་བོ། དེ་བས་ན་བསྐལ་ པ་གྲངས་མེད་པ་བྱེ་བར་བསྒྲུབས་པའི་བྱང་ཆུབ་འདི་གང་མ་འོངས་པའི་སེམས་ཅན་དེ་རྣམས་ཀྱི་དོན་དུ་ཁྱོད་ལ་ལན་གཉིས་སུའང་གཏད་གྱི། སེམས་ཅན་དེ་དག་ཆོས་དཀོན་ མཆོག་གི་མཛོད་དེ་ལྟ་བུ་མ་ཐོས་པས་ཡོངས་སུ་ཉམས་པར་གྱུར་ཏ་རེ། ཀུན་དགའ་བོ། ཆོས་དཀོན་མཆོག་གི་མཛོད་འདི་ལྟ་བུ་མ་ཐོས་པ་ལས་སེམས་ཅན་མང་པོ་དག་ཡོངས་ སུ་ཉམས་པར་འགྱུར་རོ། །ཀུན་དགའ་བོ། ངས་དོན་འདིའི་དབང་ལ་བརྟེན་ནས་བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་པའི་སངས་རྒྱས་ཀྱི་བྱང་ཆུབ་འདི་ཁྱོད་ལ་གཏད་ཀྱི་ སེམས་ཅན་དེ་དག་ཆོས་དཀོན་མཆོག་གི་མཛོད་འདི་ལྟ་བུ་ལས་ཡོངས་སུ་མ་ཉམས་པར་གྱིས་ཤིག་ཀུན་དགའ་བོ། འདི་ལ་སྐྱེས་བུ་མཁས་པ་ཁ་ཅིག་དཔེས་སྨྲས་པའི་ [187A]༄༅། །དོན་ཤེས་པར་འགྱུར་ཏེ། དེའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བྱའོ། །ཀུན་དགའ་བོ། འདི་ལྟ་སྟེ། དཔེར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་པའི་ བུ་གཅིག་པ་ཞིག་ཡོད་པ་བྱེས་སུ་སོང་སྟེ། དེ་བྱེས་སུ་སོང་བའི་འོག་ཏུ་རྒྱལ་པོ་རྒྱལ་རིགས་དེ་ན་བར་གྱུར་ལ་དེ་ན་བར་གྱུར་པ་དང་རིན་པོ་ཆེའི་མཛོད་མང་པོ་རིན་པོ་ཆེ་ལ་མཁས་པ་ གཏམས་པ་འཆར་བ་རྣམས་ཀྱི་ལག་ཏུ་གཏད་དེ། ཁྱིམ་བདག་རྣམས་ངའི་བུ་བྱེས་སུ་སོང་བ་ནམ་དེ་བྱེས་ནས་སླར་ལོག་པར་གྱུར་ལ་རྒྱལ་པོར་ཡང་བཅུག་པར་གྱུར་པ་དེ་ ན་ཁྱེད་ཀྱིས་རིན་པོ་ཆེའི་མཛོད་མང་པོ་འདི་ཁྱོད་ཀྱི་ཕ་འཆི་བའི་དུས་བྱེད་པ་ན་བཞག་པ་ཡིན་ནོ་ཞེས་བྱོས་ལ། རིན་པོ་ཆེའི་མཛོད་མང་པོ་འདི་དེ་ལ་བྱིན་ཅིག་ཅེས་དེ་སྐད་ཀྱང་ སྨྲས་ནས་དེ་ལྟར་རྒྱལ་པོ་དེས་ཤིན་ཏུ་ལེགས་པར་གཏམས་ཏེ་འཆི་བའི་དུས་བྱས་ལ། དེ་འཆི་བའི་དུས་བྱས་པའི་འོག་ཏུ་རྒྱལ་པོའི་བུ་དེ་བྱེས་ནས་སླར་ལོག་སྟེ་རྒྱལ་པོར་ ཡང་གཅུག་ལ་གསེར་གྱིས་བསྒྱུར་བ་དང། ཁྱིམ་བདག་དེ་དག་ལ་སོ་སོར་བཞག་པ་རྒྱལ་པོའི་བུ་རྒྱལ་སྲིད་ཀྱི་དབང་ཕྱུག་ཐོབ་པ་རྒྱལ་སྲིད་ལ་གནས་པ་དེ་ལ་རིན་པོ་ ཆེའི་མཛོད་མ་བྱིན་ན། ཀུན་དགའ་བོ། དེ་ཇི་སྙམ་དུ་སེམས། གསེར་གྱིས་བསྒྱུར་བའམ། ཁྱིམ་བདག་དེ་དག་རྒྱལ་པོ་དེ་ལ་ཉེས་པར་བྱེད་པ་ཡིན་ནམ། གསོལ་པ་ [187B] དེ་ལྟ་ལགས་སོ། །བདེ་བར་གཤེགས་པ། དེ་ལྟ་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ། དོན་ཤེས་པར་བྱ་བའི་ཕྱིར་ངས་ཁྱོད་ལ་དཔེ་བསྟན་པ་དེ་ལ་ དོན་དུ་ལྟ་བ་གང་ཞེ་ན། ཀུན་དགའ་བོ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཆོས་ཀྱི་རྒྱལ་པོའི་ཆེན་པོའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། བུ་གཅིག་པ་ཞེས་བྱ་བ་ནི་མ་འོངས་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་དད་པ་རྣམས་ཀྱི་ཚིག་བླ་དྭགས་སོ། ། ཀུན་དགའ་བོ། བྱས་སུ་སོང་ཞེས་བྱ་བ་དེ་ནི་འགྲོ་བ་ལྔ་རྣམས་ཀྱི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། ནད་པ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ ཚིག་བླ་དྭགས་སོ། །ཀུན་དགའ་བོ། རིན་པོ་ཆེའི་མཛོད་མང་པོ་ཞེས་བྱ་བ་དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ཀྱི་ཚིག་བླ་དྭགས་སོ། །ཀུན་དགའ་ བོ༑ ཁྱིམ་བདག་ཅེས་བྱ་བ་དེ་ནི་དགྲ་བཅོམ་པ་རྣམས་ཀྱི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། དཔེར་ན། རྒྱལ་པོ་དེ་འཆི་བའི་དུས་བྱེད་པ་ན་ནོར་འཇོག་པ་དེ་བཞིན་དུ། ཀུན་ དགའ་བོ། ངའི་ཆོས་དཀོན་མཆོག་གི་མཛོད་བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་པ་མ་འོངས་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་དེ་དག་གི་དོན་དུ་ཁྱོད་ལ་གཏད་དོ།། [188A]༄༅། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། སེམས་ཅན་གང་དག་ངས་ཡོངས་སུ་སྨིན་པར་བྱས་པ་དེ་དག་མི་དགེ་བའི་ལས་ཀྱི་ལམ་འགའ་ཞིག་གིས་སེམས་ཅན་ དམྱལ་བ་དང། དུད་འགྲོ་དང། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་ཏེ་དེ་དག་ང་འདས་པའི་འོག་ཏུ་དེ་ནས་ཤི་འཕོས་ནས་མིར་འགྱུར་བ་ཐོབ་སྟེ། དབང་པོ་རྣམས་རྒྱས་པའི་རྒྱུ་དང་ ཡོངས་སུ་སྨིན་པའི་རྒྱུས་ངའི་བསྟན་པ་འདི་ལ་དད་པར་འགྱུར་བ་དག་ཡོད་དེ། དེ་ལ་ཁ་ཅིག་ནི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འགྱུར་རོ། །ཁ་ཅིག་ནི་ཁྱིམ་ ན་གནས་པར་འགྱུར་རོ། །དེ་ལ་ཁ་ཅིག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ། །ཁ་ཅིག་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང། ཁ་ཅིག་ནི་ཕྱིར་མི་འོང་བའི་ འབྲས་བུ་དང། ཁ་ཅིག་ནི་དགྲ་བཅོམ་པ་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཁ་ཅིག་ནི་སློབ་པའི་ས་ནས་འཆི་བའི་དུས་བྱེད་པར་འགྱུར་རོ། །ཁ་ཅིག་ནི་སངས་རྒྱས་ཀྱི་སར་ ལྷག་པའི་བསམ་པས་སེམས་བསྐྱེད་པར་འགྱུར་རོ། །ཁ་ཅིག་ནི་ལྷ་དང་མིར་སྐྱེ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་བསྐྱེད་པར་འགྱུར་ཏེ་དེ་ལྟར་རྙེད་པ་དེ་དང་དེ་དག་དང་ལྡན་ པར་འགྱུར་རོ། །ཁ་ཅིག་ནི་སེམས་དང་བ་གཅིག་ཐོབ་པར་འགྱུར་ཏེ་འཇིག་རྟེན་གྱི་ཡབ་དེས་བདག་ཅག་ལ་ལེགས་པར་གཏད་དོ་སྙམ་ནས་དེ་དག་རྒྱ་ཆེར་རབ་ཏུ་དད་པར་ [188B] །ཀུན་དགའ་བོ། འདི་ལྟར་དེ་དག་གིས་ཆོས་དཀོན་མཆོག་འདི་མཉན་པར་བྱ་བའི་ཕྱིར་ངས་ཆོས་དཀོན་མཆོག་གི་མཛོད་འདི་ཁྱོད་ལ་གཏད་དོ། །ཀུན་ དགའ་བོ་ཁྱོད་ཀྱིས་གལ་ཏེ་ངའི་ཆོས་དཀོན་མཆོག་གི་མཛོད་འདི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་དད་པ་དེ་དག་ཉན་དུ་མ་བཙུད་ན། དེ་ལྟ་ན་ནི་ཀུན་དགའ་བོ་ཁྱོད་དེ་བཞིན་གཤེགས་ པ་ལ་ཉེས་པ་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཆོས་དཀོན་མཆོག་འདི་ལྟ་བུ་ཐོས་ནས་ཁ་ཅིག་གིས་ནི་ཁྱད་པར་ ཐོབ་པར་འགྱུར། ཁ་ཅིག་གིས་ནི་རབ་ཏུ་དགའ་ཞིང་མགུ་བར་འགྱུར་ཁ་ཅིག་ནི་ཆོས་ཀྱི་ཤུགས་ཀྱིས་མཆི་མ་འབྱུང་ཞིང་སྤུ་ཟིང་ཞེས་བྱེད་པར་འགྱུར་རོ། །ཀུན་དགའ་བོ། གང་ དག་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ཐོས་ནས་ངའི་ཡོན་ཏན་རྗེས་སུ་དྲན་ཞིང་ཆོས་ཀྱི་ཤུགས་ཀྱིས་མཆི་མ་འབྱུང་ལ་སྤུ་ཟིང་ཞེས་བྱེད་པར་འགྱུར་ན། ཀུན་དགའ་བོ། དགེ་བའི་རྩ་ བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ནི་མྱ་ངན་ལས་འདས་པ་ཡིན་ཏེ་ཐ་མ་མྱ་ངན་ལས་འདའ་བར་ང་སྨྲའོ། །ཀུན་དགའ་བོ། དགེ་སློང་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ འཛིན་ལ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དད་པ་ཆོས་འདོད་པ་རྣམས་འོངས་ཤིང་ལྷགས་པ་དག་ལ་ཆོས་མི་འཆད་ཅིང་རབ་ཏུ་མི་སྟོན་ན་དེ་དག་དེ་བཞིན་གཤེགས་པ་ལ་ཉེས་པ་ [189A]༄༅། །བྱེད་པ་ཡིན་ནོ། །ཀུན་དགའ་བོ། གང་དག་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཆོས་དོན་དུ་གཉེར་ཅིང་ཉན་པར་འདོད་དེ། ཉན་པ་རྣམས་ཆོས་ཉན་པ་ལས་ཉམས་ པར་བྱེད་ན། དེ་དག་དེ་ལྟར་སྣོད་དུ་གྱུར་པ་རྣམས་ལ་མི་འཆད་པས་བདག་གི་རྒྱུད་ལ་དགེ་བའི་རྩ་བ་ཉམས་པ་དང། གཞན་གྱི་རྒྱུད་ལ་དགེ་བའི་རྩ་བ་ཡོངས་སུ་ཉམས་པར་ བྱེད་པ་ལ་ཞུགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་གང་ལ་ཆོས་བཤད་པར་བྱ་བ་དང། གང་ལ་མི་བཤད་པ་མི་ཤེས་སོ་།ཀུན་དགའ་བོ། དེ་བས་ན་དོན་དེ་རྒྱ་ཆེར་ ཤེས་པར་བྱ་བའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བྱའོ། །ཀུན་དགའ་བོ། འདི་ལྟ་སྟེ། དཔེར་ན་ཚོང་པ་བྱིས་པའི་རང་བཞིན་ཅན་ལ་ལ་ཞིག་རིན་པོ་ཆེ་མང་པོ་ཁྱེར་ཏེ་འོང་བ་དེ་ བྱེས་ནས་འོངས་ཏེ། འབྲོག་དགོན་པ་ཆེན་པོ་ཆོམ་རྐུན་ཡོད་པ་དེར་ཟོང་དེ་དག་བཀྲམ་སྟེ་རྐུན་པོའི་ཚོགས་རྣམས་བོས་ནས། ཀྱེ་མི་དག་།ཟོང་འདི་དག་ཇི་ཙམ་དུ་བཟང་ ཇི་ཙམ་དུ་མཛེས་པ་ལྟོས་ཏེ། མི་ཁྱོད་ངའི་ཟོང་འདི་དག་ཉོས་ཤིག་ཅེས་ཟེར་ལ། ཀུན་དགའ་བོ། འབྲོག་དགོན་པ་དེར་ཆོམ་རྐུན་དེ་དག་གིས་ཚོང་པ་བྱིས་པའི་རང་བཞིན་ ཅན་དེ་དབྱུག་པས་སྣད་པར་བརྡེགས་ནས་རིན་པོ་ཆེ་ཐམས་ཅད་ཕྲོགས་ན། ཀུན་དགའ་བོ། དེ་ཇི་སྙམ་དུ་སེམས། འབྲོག་དགོན་པ་དེར་ཟོང་བཀྲམ་ནས་ཆོམ་རྐུན་འབོད་ [189B] དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས། ཚོང་པ་དེ་ཆོམ་རྐུན་མཆིས་པའི་འབྲོག་དགོན་པར་ཟོང་འགྲེམས་པའང་ཆོས་དང་མཐུན་པ་མ་ལགས་ན་ཟོང་རྣམས་བཀྲམ་ནས་ཆོམ་རྐུན་འབོད་པ་ལྟ་སྨོས་ཀྱང་ཅི་འཚལ་ བཅོམ་ལྡན་འདས། འདི་ལྟར་བགྱིད་ན་ནི་ཆོས་དང་རྗེས་སུ་མཐུན་པ་ལགས་ཏེ། གལ་ཏེ་ཚོང་པ་དེ་ཟོང་དེ་དག་ལེགས་པར་སྦས་ནས་མདའ་གཞུ་ཐོགས་ཤིང་གོ་ཆ་བཟང་པོ་ བགོས་ཏེ། འབྲོག་དགོན་པ་དེ་ནས་ལེགས་པར་འབྱུང་ན་དེ་ཆོས་དང་རྗེས་སུ་མཐུན་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། ཅི་སྟེ་ཚོང་པ་བྱིས་པའི་རང་བཞིན་ཅན་དེ་ནོར་གྱི་ཕུང་པོ་མང་པོ་དང་རིན་པོ་ཆེ་མང་པོ་ཁྱེར་ཏེ་བྱེས་ནས་ལར་ལོག་སྟེ་ གྲོང་དང་གྲོང་ཁྱེར་དང། གྲོང་འདབ་དང། ཡུལ་འཁོར་དང། ཕོ་བྲང་འཁོར་དུ་འོངས་ཏེ། ཟོང་དེ་བཀྲམ་ལ་དེར་ཟོང་བཀྲམ་པའི་རིན་པོ་ཆེ་རིན་ཐང་ཆེན་པོ་དེ་དག་ཉོ་བའི་སྐྱེས་ བུ་མཁས་པ་ཤེས་རབ་དང་ལྡན་པ་ཟོང་འདོད་པ་རྣམས་ལྷགས་པ་དང། དེ་ནས་ཚོང་པ་དེ་ཟོང་འདོད་པའི་སྐྱེས་བུ་ལྷགས་པ་དེ་དག་ལ་མདའ་གཞུ་ཐོགས་ཏེ་འཐབ་མོ་རྒོལ་ [190A]༄༅། །ན༑ ཀུན་དགའ་བོ། དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་དེ་ལྟར་བྱེད་ན་ཆོས་དང་རྗེས་སུ་མཐུན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མ་ལགས་ སོ༑ ༑བདེ་བར་གཤེགས་པ། མ་ལགས་སོ། བཅོམ་ལྡན་འདས། ཚོང་པ་དེས་འདི་ལྟར་བགྱི་ཞིང་ཟོང་འཚལ་བའི་སྐྱེས་བུ་དེ་དག་ལ་སྐྱེས་བུ་ཁྱེད་ཚུར་ཤོག་ཟོང་ གི་བྱེ་བྲག་བཟང་པོ་མང་པོ་འདི་དག་ལ་ཇི་ཙམ་དུ་བཟང་བ་དང་ཇི་ཙམ་དུ་མཛེས་པ་ལྟོས་ལ་ཉོས་ཤིག་དང། རིན་ཆུང་ངུར་སྦྱིན་ནོ་ཞེས་དེ་སྐད་སྨྲ་ཞིང། བཅོམ་ལྡན་ འདས། ཚོང་པ་དེས་དེ་ལྟར་བགྱི་བའི་རིགས་ཏེ། དེ་ལྟར་བགྱིས་ན་དེ་ཆོས་དང་རྗེས་སུ་མཐུན་གྱི། ཚོང་དུས་སུ་ཟོང་བཀྲམ་ནས་གོ་བགོས་ཏེ་མཆིས་པ་ནི་མི་རིགས་སོ།། བཀའ་སྩལ་པ། ཀུན་དགའ་བོ། དེ་བཞིན་དུ་འདི་ལ་དགེ་སློང་ཁ་ཅིག་ཆོས་དཀོན་མཆོག་གི་མཛོད་མང་པོ་འདི་ལྟ་སྟེ། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ དང། ལུང་དུ་བསྟན་པའི་སྡེ་དང། ཚིགས་སུ་བཅད་པའི་སྡེ་དང་ཆེད་དུ་བརྗོད་པའི་སྡེ་དང། གླེང་གཞིའི་སྡེ་དང། རྟོགས་པ་བརྗོད་པའི་སྡེ་དང། དེ་ལྟ་བུ་བྱུང་བའི་ སྡེ་དང། སྐྱེས་པ་རབས་ཀྱི་སྡེ་དང། ཤིན་ཏུ་རྒྱས་པའི་སྡེ་དང། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང། གཏན་ལ་བབ་པར་བསྟན་པའི་སྡེ་རྣམས་ཀུན་ཆུབ་པར་བྱས་ནས་གང་ [190B]བྱེད་པ་གང་དག་གིས་ཐོས་ནས་ཁྱད་པར་ཐོབ་པར་འགྱུར་ཞིང་དགའ་བ་དང། མཆོག་ཏུ་དགའ་བ་ཆེན་པོ་རྙེད་པར་ འགྱུར་བ་དང། དེའི་དགེ་བའི་རྩ་བས་མྱ་ངན་ལས་འདའ་བར་འགྱུར་བ་ཡོད་པ་དེར་དེ་དག་མི་འཆད་ཀྱི། དེ་དག་གང་ན་ཆོས་དཀོན་མཆོག་འདིའི་སྣོད་དུ་མ་གྱུར་ཅིང་ཐོས་ནས་ དང་བར་མི་འགྱུར། དད་པར་མི་འགྱུར། མོས་པར་མི་འགྱུར་གྱི། སྤོང་བར་འགྱུར་བ་དང། དེའི་མི་དགེ་བའི་རྩ་བ་ངན་སོང་གསུམ་དུ་འགྱུར་བ་ཡོད་པ་དེར་འཆད་དེ། ཀུན་དགའ་ བོ༑ འདི་ལྟ་སྟེ། དཔེར་ན། ཚོང་པ་བྱིས་པའི་རང་བཞིན་ཅན་དེ་གང་དུ་ཟོང་དེ་དཀྲམ་པའི་རིགས་པ་དེར་མི་འགྲེམས་པར་གང་དུ་དགྲམ་པར་མི་བྱ་བ་དེར་འགྲེམས་ཏེ། གང་ དག་ལ་སྦྱིན་པའི་རིགས་པ་དེ་དག་ལ་ནི་མི་སྟེར། གང་དག་ལ་སྦྱིན་པའི་མི་རིགས་པ་དེ་དག་ལ་སྟེར་བ་དེ་བཞིན་དུ། ཀུན་དགའ་བོ། གང་དག་རིགས་ཀྱི་བུ་དང་རིགས་ཀྱི་བུ་ མོ་མངོན་པར་དད་པ། ཆོས་དང་ལྡན་པ། ཆོས་འདོད་པ། ཉན་འདོད་པ། སྒྲུབ་འདོད་པ། སྣོད་དུ་གྱུར་པ་ལྷགས་པ་རྣམས་ལ་ཆོས་མི་འཆད་པར་དེ་གང་ལ་བཤད་པའི་ མི་རིགས་པ་དེ་དག་ལ་འཆད་ཅིང། གང་ལ་བཤད་པའི་རིགས་པ་དེ་དག་ལ་མི་འཆད་པ་དག་ཀྱང་ངས་དེ་ལྟ་བུ་ཡིན་པར་མཐོང་ངོ་།ཀུན་དགའ་བོ། དེ་ལྟ་བས་ན་ [191A]༄༅། །གང་དག་སྣོད་དུ་གྱུར་པ། དད་པ། ཉན་འདོད་པ། མྱ་ངན་ལས་འདའ་བ་དོན་དུ་གཉེར་བ་དེ་དག་ལ་ཆོས་བཤད་པར་བྱའོ་།གང་དག་སྣོད་དུ་མ་གྱུར་ པ༑ མ་དད་པ། གླགས་ཚོལ་བ། ཚུལ་ཁྲིམས་འཆལ་བ། སྡིག་པའི་ཆོས་ཅན། འཕྱས་ཚོལ་བའི་བསམ་པ་ཅན། ཆོས་སྤོང་བ། དམ་པའི་ཆོས་དང་འགལ་བར་གནས་པ་ གཏམ་དུ་བྱེད་ཀྱི། རྗེས་སུ་མཐུན་པའི་ཆོས་མི་འཆད་པ་དེ་དག་ལ་མི་བཤད་དོ་ཞེས་དེ་ལྟར་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་མི་བླུན་པོ་དེ་དག་གིས་ཐོས་ནས་རྒྱ་ཆེར་ མ་རུང་བར་གྱུར་ཏ་རེ་ཞེས། ཀུན་དགའ་བོ་ཁྱོད་དེ་ལྟར་བསླབ་པར་བྱའོ། །ཀུན་དགའ་བོ་ཁྱོད་སྐྱོ་བར་མ་བྱེད་ཅིག་ཀུན་དགའ་བོ། དགེ་སློང་དོན་དུ་གཉེར་བ་རྣམས་ལ་ ཆོས་གུས་པར་འཆད་ཅིང། དེའང་གུས་པར་ཉན་ན། ཀུན་དགའ་བོ། དེ་གཉིས་ཀའང་བསོད་ནམས་རྒྱ་ཆེར་བསྐྱེད་ཅིང། བསོད་ནམས་ཚད་མེད་གྲངས་མེད་པར་བསྐྱེད་ དོ༑ ༑ཀུན་དགའ་བོ། དེ་ཇི་སྙམ་དུ་སེམས། སའི་ཁམས་དང། སེམས་ཅན་གྱི་ཁམས་གང་མང། གསོལ་པ། བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཤད་ པའི་དོན་བདག་གིས་འཚལ་བ་ལྟར་ན། བཅོམ་ལྡན་འདས། སེམས་ཅན་གྱི་ཁམས་ཆེས་མང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀུན་དགའ་བོ་ཁྱོད་ཇི་སྐད་ [191B] ཀུན་དགའ་བོ། སེམས་ཅན་གྱི་ཁམས་ཆེས་མང་གི་སའི་ཁམས་ནི་མ་ཡིན་ནོ། །ཀུན་དགའ་བོ། སེམས་ཅན་གྱི་ཁམས་ཆེས་མང་གི། ཆུའི་ཁམས་ནི་མ་ཡིན་ནོ། ། མེའི་ཁམས་ནི་མ་ཡིན་ནོ། །ཀུན་དགའ་བོ། ཡོངས་སུ་བརྟག་པ་བཟུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་དུ་མངོན་པས་མངོན་པ་ཀུན་ཏུ་སྣང་ བར་གྱུར་པའམ། ཀུན་ཏུ་སྣང་བར་མ་གྱུར་པ་གང་དག་ཡོད་པ་དེ་དག་ཐམས་ཅད་སྐད་ཅིག་གཅིག་དང། ཐང་ཅིག་གཅིག་དང། ཡུད་ཙམ་གཅིག་ལ་མིའི་ལུས་ཐོབ་པར་གྱུར་ཏེ་ དེ་དག་མིའི་ལུས་ཐོབ་ནས་སྐད་ཅིག་གཅིག་དང། ཐང་ཅིག་གཅིག་དང་ཡུད་ཙམ་གཅིག་ལ་རང་བྱང་ཆུབ་ཐོབ་པར་གྱུར་པ་དང། ཀུན་དགའ་བོ། །ཡོངས་སུ་བརྟག་པ་བཟུང་ སྟེ༑ འཇིག་རྟེན་གྱི་ཁམས་མཐའ་ཡས་དཔག་ཏུ་མེད་པ་དག་ན་སའི་ཁམས་ཇི་སྙེད་ཡོད་པ་སའི་ཕུང་པོ་གང་གི་མཐའ་མི་མངོན་པའི་སའི་ཕུང་པོ་དེ་ལ་རྡུལ་ཕྲ་རབ་ཀྱི་རྡུལ་ ཇི་སྙེད་ཡོད་པའི་སའི་རྡུལ་དེ་ཐམས་ཅད་སྙེད་ཀྱི་མིར་གྱུར་ལ་ཀུན་དགའ་བོ། མིར་གྱུར་པ་དེ་དག་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་སྔ་ཕྱི་མེད་པར་རང་བྱང་ཆུབ་ ཐོབ་པར་གྱུར་པ་དང། ཀུན་དགའ་བོ། ཡོངས་སུ་བརྟག་པ་བཟུང་སྟེ་འཇིག་རྟེན་གྱི་ཁམས་མཐའ་ཡས་དཔག་ཏུ་མེད་པ་ན་གང་རིའི་རྒྱལ་པོ་རི་རབ་རྣམས་དང། རིའི་རྒྱལ་ [192A]༄༅། །པོ་ཁོར་ཡུག་དང། ཁོར་ཡུག་ཆེན་པོ་རྣམས་དང། གངས་རི་དང། སྤོས་ཀྱི་ངད་ལྡང་དང། དེ་ལས་གཞན་པ་རི་ནག་པོ་རྣམས་དང། སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྩྭ་དང། ཤིང་དང། ལོ་མ་དང། ཤིང་ལྗོན་པ་དང། ནགས་དང། ཤིང་གེལ་པ་དང། སྨན་དང་ནགས་ཚལ་ཇི་སྙེད་ཡོད་པ་དེ་དག་ལ་ རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ། ཡོད་པའི་དངོས་པོའམ་བརྟགས་པར་བལྟ་བར་བྱ་བར་སྣང་བ་དེ་དག་ཐམས་ཅད་ཀྱང་མིར་གྱུར་ལ། ཀུན་དགའ་བོ། མིར་གྱུར་པ་དེ་ དག་ཀྱང་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་གཅིག་ལ་སྔ་ཕྱི་མེད་པར་རང་བྱང་ཆུབ་ཐོབ་པར་གྱུར་ཏེ། ཀུན་དགའ་བོ། རང་སངས་རྒྱས་དེ་དག་ཀྱང་ཇི་སྲིད་དུ་འཁོར་བའི་ སྔོན་གྱི་མཐའ་མི་མངོན་པ་དེ་སྲིད་དུ་ཡུན་རིང་དུ་གནས་པར་གྱུར་པ་དེ་དག་ལ་སེམས་ཅན་གྱི་ཁམས་དེར་མ་གཏོགས་པའི་ཁྱིམ་བདག་གཅིག་ཅིག་བྱུང་བ་དེའང་ཇི་ སྲིད་འཁོར་བའི་སྔོན་གྱི་མཐའ་མི་མངོན་པ་དེ་སྲིད་དུ་གནས་པར་གྱུར་ཏེ། དེ་ནས་ཁྱིམ་བདག་དེ་ཚེའི་ཚད་དེ་ལྟ་བུས་རང་སངས་རྒྱས་རྣམས་ལ་ན་བཟའ་དང། བཤོས་ དང། གཟིམས་ཆ་དང། ན་བའི་གསོས་སྨན་དང། བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད་མཆོད་པར་བྱེད་པ་དང། ཡོངས་སུ་ [192B]སྣ་བདུན་ལས་བྱས་ནས་ལྷ་དང་མིའི་གདུགས་དང། རྒྱལ་མཚན་དང་བ་དན་རྣམས་དང། མེ་ཏོག་དང། ཕྲེང་བ་དང་ སྤོས་དང། བྱུག་པ་དང། ཕྱེ་མ་དང། ན་བཟའ་དང། གླུ་གར་དང། སིལ་སྙན་རྣམས་ཀྱིས་ལྷ་དང་མི་རྣམས་མཆོད་པ་བྱེད། བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། རྗེད་ པར་བྱེད། གསོལ་བར་བྱེད་ན། ཀུན་དགའ་བོ། དེ་ཇི་སྙམ་དུ་སེམས་གཞི་དེ་ལས་ཁྱིམ་བདག་དེ་བསོད་ནམས་མང་དུ་སྐྱེད་དམ། དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ་།བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་ཇི་ལྟར་བདག་གིས་འཚལ་བ་ལྟར་ན་ཅང་ཤེས་གཅིག་ལ་ བསྟི་སྟང་བགྱིས་པའང་བསོད་ནམས་མང་དུ་སྐྱེད་དེ། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། མཚུངས་པ་མ་མཆིས་ན། རང་སངས་རྒྱས་ཀྱི་ཚོགས་འདི་ལྟ་བུ་འདི་ལ་ བསྟི་སྟང་བགྱིས་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ལ་བསྒོའོ། ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །རང་སངས་རྒྱས་ཚུལ་ཁྲིམས་དང་ལྡན། ཏིང་ངེ་འཛིན་དང། ཤེས་རབ་དང། རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་ [193A]༄༅། །བའི་ཕུང་པོ་དང་ལྡན་པ་དེ་དག་ཐམས་ཅད་ཁྱིམ་བདག་དེའི་སྦྱིན་པ་སྦྱོང་བར་བྱེད་པ་བས། ཀུན་དགའ་བོ། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་གཅིག་འཇིག་རྟེན་དུ་བྱུང་སྟེ་བྱུང་ནས་ཀྱང་ཁྱིམ་བདག་དེས་ཕུལ་བའི་ན་བཟའ་དང། བཤོས་དང། གཟིམས་ཆ་དང། ན་བའི་གསོས་སྨན་ དང། ཡོ་བྱད་རྣམས་ཡོངས་སུ་སྤྱད་དེ། ཡོངས་སུ་སྤྱད་ནས་ཀྱང་ཁྱིམ་བདག་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་མཐོང་བ་མ་ གཏོགས་པར་ཆོས་ཀྱང་མི་འཆད་ཀྱང། ཀུན་དགའ་བོ། དེ་བཞིན་གཤེགས་པ་དེ་རང་བཞིན་གྱི་སྤྱོད་ལམ་སྟོན་པ་ཙམ་གྱིས་སྦྱིན་པ་རབ་ཏུ་མང་པོ་དེ་སྦྱོང་བར་མཛད་ཀྱི། ཇི་ལྟར་ དེ་བཞིན་གཤེགས་པ་རང་བཞིན་གྱི་སྤྱོད་ལམ་སྟོན་པ་དེས་སྦྱིན་པ་སྤྱོད་པར་མཛད་པ་དེ་ལྟར་རང་སངས་རྒྱས་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན། ཏིང་ངེ་འཛིན་གྱི་ཕུང་པོ་ དང༑ ཤེས་རབ་ཀྱི་ཕུང་པོ་དང། རྣམ་པར་གྲོལ་བའི་ཕུང་པོ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པ་ཐམས་ཅད་ཀྱིས་བསྐལ་བ་བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་དུའང་སྦྱིན་པ་སྦྱོང་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། དེ་བཞིན་གཤེགས་པའི་སྤྱོད་ལམ་ཡང་ཡོན་ཏན་ཚད་མེད། གྲངས་མེད་ [193B]པ་དེ་སྙེད་དང་ལྡན་ན་སངས་རྒྱས་ཀྱི་ཡོན་ཏན་གཞན་རྣམས་ལྟ་ཅི་སྨོས། ཀུན་དགའ་བོ། རང་སངས་རྒྱས་རྣམས་ལ་ ཡོན་ཕུལ་བའང་ཡོད། ཡོན་དེ་ཚད་མེད། དཔག་ཏུ་མེད་པར་འགྱུར་བའང་ཡོད། ཀུན་དགའ་བོ། ཚད་མེད་དཔག་ཏུ་མེད་ཅིང་དཔག་ཡས་པའི་ཁྱད་པར་ཡང་ཡོད། ཐ་བར་ དུ་བྱ་བའང་ཡོད་དོ། །ཀུན་དགའ་བོ། ཡོན་དེ་ཡོད་དེ། དེ་མེད་པ་མ་ཡིན་ནོ། །ཀུན་དགའ་བོ། །ང་ལྟ་བུ་ལ་གནས། ང་ལྟ་བུ་ལ་བརྟེན་ཏེ་ཡོན་ཕུལ་ན་ཡོན་དེའི་དཔེ་བྱ་བར་ ཡང་སླ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། ཡོན་དེ་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། དཔག་ཏུ་མེད་ཅིང་ཟད་མི་ཤེས་པའི་ཕྱིར་ རོ༑ ༑ཀུན་དགའ་བོ། འདི་ལྟ་སྟེ། དཔེར་ན། མི་འགའ་ཞིག་ཁེའི་ཕྱིར་སོང་ལ་དེ་ནས་ཁེ་རྙེད་དེ་སླར་འོངས་པ་དེ་བཞིན་དུ། ཀུན་དགའ་བོ། རང་སངས་རྒྱས་ལ་ཡོན་ཕུལ་ བའང་ངས་དེ་དང་འདྲ་བར་མཐོང་ངོ། །ང་ལྟ་བུ་ལ་གནས་ཏེ་ང་ལྟ་བུ་ལ་ཡོན་ཕུལ་བ་ལ་བརྩམས་ནས། ཀུན་དགའ་བོ། དོན་དེ་ཉིད་རྒྱ་ཆེར་ཤེས་པར་བྱ་བའི་ཕྱིར་ཁྱོད་ ལ་དཔེ་བསྟན་པར་བྱ་སྟེ། འདི་ལྟར་འདི་ལ་སྐྱེས་བུ་མཁས་པ་ཁ་ཅིག་དཔེས་སྨྲས་པའི་དོན་ཤེས་པར་འགྱུར་རོ། །ཀུན་དགའ་བོ། འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་ [194A]༄༅། །རི་མོ་འདྲི་བ་ལས་དེས་རི་མོ་དེ་མ་ལེགས་པར་བྲིས་ལ་མ་ལེགས་པར་བྲིས་ནས་ཅུང་ཟད་ཅུང་ཟད་ཙམ་ཕྱིས་ཀྱང། ཀུན་དགའ་བོ། རི་མོ་དེ་ལ་སྡུག་པ་ཡོད་ མོད་ཀྱི། དེ་བས་གཞན་ཆེས་སྡུག་པ་དག་ཡོད་དོ། །ཀུན་དགའ་བོ། དེ་བཞིན་དུ་རང་སངས་རྒྱས་ཐམས་ཅད་པས་ང་ལྟ་བུ་དག་ལ་བརྩམས་པའི་ཡོན་རྒྱས་པར་འགྱུར་རོ། །དེ་ ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། ཡེ་ཤེས་གང་གིས་རང་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོ་བའི་རང་སངས་རྒྱས་ཀྱི་ཡེ་ཤེས་ནི་འདི་ལས་བྱུང་ངོ། །དེ་བཞིན་གཤེགས་ པ་ནི་ཆོས་ཐམས་ཅད་མཁྱེན་པ་ལ་ཁྱད་པར་དུ་མཁས་པའོ། །ཀུན་དགའ་བོ། དེ་ཇི་སྙམ་དུ་སེམས། གང་དེ་བཞིན་གཤེགས་པ་ལ་ཇི་སྲིད་འཚོ་བའི་བར་དུ་ན་བཟའ་དང་ བཤོས་དང། གཟིམས་ཆ་དང། ན་བའི་གསོས་སྨན་དང། ཡོ་བྱད་ཐམས་ཅད་ཀྱིས་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ན་བསོད་ནམས་མང་དུ་ སྐྱེད་དམ། གསོལ་པ། བཅོམ་ལྡན་འདས། དེ་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ། དེ་དེ་ལྟ་ལགས་ཏེ། གང་དེ་བཞིན་གཤེགས་པ་ལ་ཇི་སྲིད་འཚོའི་བར་དུ་བསྟི་སྟང་ བགྱིད་པ་དེ་བསོད་ནམས་མང་དུ་སྐྱེད་དོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ལ་སེམས་དང་བས་སེམས་གཅིག་བསྐྱེད་པའང་གཞི་དེ་ལས་བསོད་ནམས་མང་ [194B] དཔག་ཏུ་མ་མཆིས། བསམ་གྱིས་མི་ཁྱབ། གྲངས་མ་མཆིས་ན། གང་དེ་བཞིན་གཤེགས་པ་ལ་ཇི་སྲིད་འཚོའི་བར་དུ་བསྟི་སྟང་བགྱིད། བླ་མར་བགྱིད། རིམ་གྲོར་བགྱིད། མཆོད་པར་ བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། །གང་དེ་བཞིན་ གཤེགས་པ་གཅིག་ལ་ཇི་སྲིད་འཚོའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྟི་སྟང་བྱེད་པ་ལྟ་ཞོག་ལ། གཉིས་སམ། གསུམ་མམ་བྮིའམ། ལྔའམ། བྕུའམ། ཉི་ཤུ་ ཤུའམ། སུམ་ཅུའམ། བཞི་བྕུའམ། ལྔ་བྕུའམ། བྲྒྱའམ། སྟོང་ངམ། བྱེ་བའམ། བྱེད་བ་བྲྒྱའམ། བྱེ་བ་སྟོང་ངམ། བྱེ་བ་བརྒྱ་སྟོང་ངམ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ངམ་ ཀུན་དགའ་བོ། ཛམ་བུའི་གླིང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་པ་དང། གླིང་བཞི་པོ་ཆེན་པོའི་ འཇིག་རྟེན་གྱི་ཁམས་དང། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ན་ཟླ་བ་བྱེ་བ་བརྒྱ་རྣམས་དང། ཉི་མ་བྱེ་པ་ བརྒྱ་རྣམས་དང། རི་རབ་བྱེ་བ་བརྒྱ་རྣམས་དང། རི་ཁོར་ཡུག་བྱེ་བ་བརྒྱ་རྣམས་དང། རྒྱ་མཚོ་ཆེན་པོ་བྱེ་བ་བརྒྱ་རྣམས་དང་ཛམྦུའི་གླིང་བྱེ་བ་བརྒྱ་རྣམས་དང། ཤར་གྱི་ལུས་འཕགས་ [195A]༄༅། །བྱེ་བ་བརྒྱ་རྣམས་དང། བྱང་གི་སྒྲ་མི་སྙན་བྱེ་བ་བརྒྱ་རྣམས་དང། ནུབ་ཀྱི་བ་གླང་སྤྱོད་བྱེ་བ་བརྒྱ་རྣམས་ཏེ་གླིང་བརྒྱད་ཁྲིས་བསྐོར་བ་རྣམས་དང། གླིང་ བཞི་པ་ཆེན་པོ་བྱེ་བ་བརྒྱ་རྣམས་དང། རྒྱལ་ཆེན་བཞི་པ་བྱེ་བ་བརྒྱ་རྣམས་དང། སུམ་ཅུ་རྩ་གསུམ་དང། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་ འཕྲུལ་དབང་བྱེད་བྱེ་བ་བརྒྱ་རྣམས་དང། ཚངས་རིས་བྱེ་བ་བརྒྱ་རྣམས་ནས་འོག་མིན་བྱེ་བ་བརྒྱ་རྣམས་ཀྱི་བར་འདི་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ ཞེས་བྱ་སྟེ། དེ་ཐམས་ཅད་འདི་ལྟ་སྟེ། དཔེར་ན། བུ་རམ་ཤིང་སྟུག་པོའམ། འབྲས་ཀྱི་ཞིང་སྟུག་པོའམ། ཏིལ་གྱི་ཞིང་སྟུག་པོའམ་འདམ་བུ་མདའ་རྒྱུ་སྟུག་པོའམ་ འོད་མ་སྟུག་པོའམ། འདམ་བུ་སྟུག་པོའམ། སེང་ལྡེང་སྟུག་པོའམ་རྩྭ་ཀུ་ཤ་སྟུག་པོ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམས་ཀྱིས་ཀུན་ཏུ་གང་བར་གྱུར་ལ། ཐ་ན་ཡོངས་སུ་བརྟག་པ་བཟུང་སྟེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསྐལ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བཞུགས་པར་ གྱུར་ལ། དེར་ཁྱིམ་བདག་གཅིག་ཅིག་བྱུང་སྟེ། ཁྱིམ་བདག་དེའང་དེ་སྲིད་དུ་གནས་པར་གྱུར་བ་དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཇི་སྲིད་འཚོའི་བར་དུ་ན་ [195B] བཤོས་དང། གཟིམས་ཆ་དང། ན་བའི་གསོས་སྨན་དང། ཡོ་བྱད་རྣམས་ཀྱིས་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་པ་དང། སངས་ རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཀྱི་སྐུ་གདུང་ལའང་སྐུ་གདུང་གི་མཆོད་པ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་ནས་ལྷའི་གདུགས་དང་ རྒྱལ་མཚན་དང། བ་དན་ལ་སོགས་པ་དང། སྤོས་དང་བྱུག་པ་ཐམས་ཅད་དང། མེ་ཏོག་དང། ཕྲེང་བ་དང། ཨུཏྤལ་དང། པདྨ་དང་ཀུ་མུ་ད་དང། པདྨ་དཀར་པོ་ཐམས་ ཅད་དང། གླུ་དབྱངས་ཐམས་ཅད་དང། རོལ་མོའི་སྒྲ་ཐམས་ཅད་དང། ལྷ་དང་མིའི་མཆོད་པ་བཟང་པོ་མེ་ཏོག་ནས་སིལ་སྙན་དང་ཕེག་རྡོབ་པའི་བར་ཐམས་ཅད་ཀྱིས་བསྟི་ སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ན། ཀུན་དགའ་བོ། དེ་ཇི་སྙམ་དུ་སེམས། གཞི་དེ་ལས་ཁྱིམ་བདག་དེ་བསོད་ནམས་མང་དུ་སྐྱེད་དམ། གསོལ་ པ༑ བཅོམ་ལྡན་འདས། དེ་བཞིན་གཤེགས་པ་གཅིག་ལ་ཁྱིམ་བདག་དེས་བཤོས་གསོལ་ནའང་བསོད་ནམས་མང་དུ་སྐྱེད་དེ། དཔག་ཏུ་མ་མཆིས་གྲངས་མ་མཆིས་ན་དེ་ བཞིན་གཤེགས་པའི་ཚོགས་དེ་སྙེད་ཅིག་བསྐལ་བ་དེ་སྙེད་དུ་བཞུགས་པ་ལ་བསྟི་སྟང་བགྱིད། བླ་མར་བགྱིད། རིམ་གྲོར་བགྱིད། མཆོད་པར་བགྱིད་པ་དང། ཡོངས་སུ་ [196A]༄༅། །མྱ་ངན་ལས་འདས་པ་རྣམས་ཀྱི་མཆོད་རྟེན་ལ་དེ་ལྟ་བུའི་བསྟི་སྟང་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ ཚོགས་དེ་ལྟ་བུ་ལ་དེ་ལྟ་བུའི་བསྟི་སྟང་བགྱིས་པ་ཁྱིམ་བདག་དེ་བཞི་དེ་ལས་བསོད་ནམས་འདི་སྙེད་ཅིག་བསྐྱེད་དོ་ཞེས་བསོད་ནམས་ཀྱི་ཕུང་པོ་དེ་དཔེ་བསྟན་དུ་མི་ནུས་སོ། ། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ལ་བསྒོའོ། །ཀུན་དགའ་བོ་ཁྱོད་ ཀྱི་ཁོང་དུ་ཆུད་པར་བྱའོ། །ཁྱིམ་བདག་གང་གིས་དེ་བཞིན་གཤེགས་པ་དེ་སྙེད་ཅིག་བསྐལ་པ་དེ་སྙེད་དུ་བཞུགས་པ་ལ་བསྟི་སྟང་བྱས། བླ་མར་བྱས། རིམ་གྲོར་བྱས་ མཆོད་པར་བྱས་པ་དང། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཀྱི་མཆོད་རྟེན་ལ་དེ་ལྟ་བུའི་བསྟི་སྟང་བྱས་པའི་བསོད་ནམས་བསྐྱེད་པ་བས། ཀུན་དགའ་བོ། རིགས་ཀྱི་ བུའམ། རིགས་ཀྱི་བུ་མོ་དད་པ་རབ་ཏུ་མང་བ། ལྷག་པའི་བསམ་པས་ཞུགས་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ལ་མི་རྟོག་པར་མངོན་པར་དད་ཅིང་ཡིད་ ཆོས་ལ། མོས་པ་གང་གིས་ཆོས་ཐམས་ཅད་མི་རྟག་པའམ། སྡུག་བསྔལ་བའམ། སྟོང་པའམ། བདག་མེད་པའོ་ཞེས་ལེགས་པར་གསུངས་པའི་ཆོས་ལ་ཡང་དག་ [196B] ཀུན་དགའ་བོ། འདི་ནི་དེ་བས་བསོད་ནམས་ཆེས་མང་དུ་བསྐྱེད་དོ། །ཀུན་དགའ་བོ། གང་བླ་ན་མེད་པའི་ཆོས་དཀོན་མཆོག་འདི་ལྟ་བུ་བསྟི་སྟང་ དུ་བྱ་ཏེ་གཞན་ལ་འཆད་དམ། རབ་ཏུ་སྟོན་ན་བསོད་ནམས་ཇི་ཙམ་དུ་རྒྱ་ཆེར་སྐྱེད་པ་དང། ཇི་ཙམ་དུ་ཚད་མེད་པ་དང། ཇི་ཙམ་དུ་གྲངས་མེད་པ་དང། ཇི་ཙམ་དུ་བསམ་གྱིས་ མི་ཁྱབ་པ་དང། ཇི་ཙམ་དུ་མཚུངས་པ་མེད་པ་དང། ཇི་ཙམ་དུ་དཔག་ཏུ་མེད་པའི་བསོད་ནམས་བསྐྱེད་པ་ལ་ལྟོས། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། །འདི་ལྟར་དེ་ལས་གཞན་ པའི་སྦྱིན་པ་རྣམས་ནི་ཟག་པ་དང་བཅས་ཤིང་ཉོན་མོངས་པ་དང་བཅས་པ་སྟེ། འཁོར་བར་རྒྱུ་བ་ཡིན་ལ། ཀུན་དགའ་བོ། བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་པའི་ཆོས་ དཀོན་མཆོག་གི་མཛོད་ཟང་ཟིང་མེད་པ་བླ་ན་མེད་པ་འདི་ནི་འཁོར་བའི་རྒྱུན་གཅོད་པར་འགྱུར་བའི་ཕྱིར་རོ། །ཀུན་དགའ་བོ། ཆོས་དཀོན་མཆོག་བླ་ན་མེད་པ་འདི་ཐོས་ན་ སེམས་ཅན་སྐྱེ་བའི་ཆོས་ཅན་རྣམས་སྐྱེ་བ་ལས་ཡོངས་སུ་ཐར་བར་འགྱུར། སེམས་ཅན་ན་བའི་ཆོས་ཅན་དང། འཆི་བའི་ཆོས་ཅན་དང་མྱ་ངན་དང། སྨྲེ་སྔགས་འདོན་པ་ དང༑ སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པའི་ཆོས་ཅན་རྣམས་འཁྲུག་པའི་བར་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཀུན་དགའ་བོ། །དོན་གྱི་གཞི་འདི་མཐོང་ [197A]༄༅། །ནས་གང་ཆོས་གུས་པར་འཆད་པ་དང། གང་ཆོས་གུས་པར་ཉན་པ་གཉིས་ནི་བསོད་ནམས་མང་དུ་བསྐྱེད་དོ་ཞེས་ང་སྨྲའོ། །དེ་སྐད་ཅེས་བཀའ་སྩལ་ ནས༑ བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། ལྷག་པའི་བསམ་པས་ཞུགས་ཤིང་ཡང་དག་པར་བསྒྲུབ་པར་ འདོད་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མི་རྟོག་པར་མངོན་པར་དད་ཅིང་མོས་ནས་ཆོས་ལེགས་པར་གསུངས་པ་ཡིན་པ་དང་དགེ་འདུན་ལེགས་པར་ ཞུགས་པ་ཡིན་པ་དང། འདུ་བྱེད་ཐམས་ཅད་མི་རྟག་པའམ། སྡུག་བསྔལ་བའམ། ཞི་བའམ། སྟོང་པའམ། བདག་མེད་པ་ཡིན་པར་ཡིད་པར་ཡིད་ཆེས་ན། ཀུན་དགའ་བོ། འདི་ ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དེ། ཚིག་ཙམ་མ་ཡིན་ནོ་།ཀུན་དགའ་བོ། གང་ལ་ལ་ཞིག་གིས་རུ་ཤིང་བཞིན་དུ་བྱས། ཡིད་ལ་བྱས། སེམས་ཐམས་ཅད་ ཀྱིས་བསམས་ནས་རྣ་བླགས་ཏེ་ཆོས་ཉན་པ་དང། མཉན་ནས་ཀྱང་ཐ་ནས་སེ་གོལ་གཏོགས་པ་ཙམ་ཡང་མི་རྟག་པའམ། སྡུག་བསྔལ་བའམ། སྟོང་པའམ། བདག་མེད་ པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། ཀུན་དགའ་བོ་དེ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ནས་སེམས་ཅན་གྱི་ཁམས་ཡོད་པའི་སེམས་ཅན་ཇི་ [197B] སའི་ཁམས་མ་ཡིན་ཆུའི་ཁམས་མ་ཡིན། མེའི་ཁམས་མ་ཡིན། རླུང་གི་ཁམས་མ་ཡིན་ནོ་ཞེས་དེ་སྐད་བྱ་བ་དེ་དག་ཐམས་ཅད་ཡོངས་སུ་ བརྟག་པ་གཟུང་སྟེ། སྐད་ཅིག་དང། ཐང་ཅིག་དང། ཡུད་ཙམ་ཅིག་ལ་སྔ་ཕྱི་མེད་པར་མིར་གྱུར་ལ། སྐད་ཅིག་དང། ཐང་ཅིག་དང་ཡུད་ཙམ་ཅིག་ལ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཁྱིམ་བདག་གཅིག་ཅིག་ཀྱང་བྱུང་ལ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཇི་ཙམ་དུ་འཁོར་བའི་སྔོན་གྱི་མཐའ་མི་ མངོན་པ་དེ་སྲིད་དུ་ཡུན་རིང་དུ་བཞུགས་ཏེ། ཁྱིམ་བདག་དེའང་བསྐལ་པ་དེ་སྲིད་དུ་གནས་བར་གྱུར་ལ། དེས་སངས་རྒྱས་བཅོམ་ལྡན་འདས་དེ་སྙེད་ལ་ན་བཟའ་དང། བཤོས་དང་ གཟིམས་ཆ་དང། ན་བའི་གསོས་སྨན་དང། ཡོ་བྱད་དང། བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་པ་དང། ཡོངས་སུ་མྱ་ ངན་ལས་འདས་པ་རྣམས་ཀྱི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་ཏེ། ལྷའི་གདུགས་དང། རྒྱལ་མཚན་དང། བ་དན་རྣམས་དང་མེ་ཏོག་དང། ཕྲེང་བ་དང། སྤོས་དང་ བྱུག་པ་ཐམས་ཅད་དང། བདོག་པ་ཐམས་ཅད་ཀྱིས་བསྟི་སྟང་བྱེད་བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ན། ཀུན་དགའ་བོ། དེ་ཇི་སྙམ་དུ་སེམས། ཁྱིམ་བདག་ [198A]༄༅། །དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། གསོལ་བ་བཅོམ་ལྡན་འདས། ཁྱིམ་བདག་དེས་དེ་བཞིན་གཤེགས་པ་གཅིག་མཉེས་པར་བགྱིས་ བསྟི་སྟང་བགྱིས། བླ་མར་བགྱིས། རིམ་གྲོར་བགྱིས། མཆོད་པར་བགྱིས་ནའང་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དེ། བསོད་ནམས་ཚད་མ་མཆིས། གྲངས་མ་མཆིས་ བསམ་གྱིས་མི་ཁྱབ། མཚུངས་པ་མ་མཆིས། དཔག་ཏུ་མ་མཆིས་པ་བསྐྱེད་པར་འགྱུར་ན། དེ་བཞིན་གཤེགས་པའི་ཚོགས་དེ་ལྟ་བུ་ལ་བསྐལ་པ་དེ་སྙེད་དུ་བསྟི་སྟང་ བགྱིས། བླ་མར་བགྱིས། རིམ་གྲོར་བགྱིས། མཆོད་པར་བགྱིས་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་ ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། དེ་དེ་བཞིན་ནོ་།ཁྱོད་ཇི་སྐད་ཟེར་བ་བཞིན་ཏེ། དེ་བསོད་ནམས་ཚད་མེད་པ་སྐྱེད་དོ། །ཀུན་དགའ་བོ། དེ་བས་ན་ཁྱོད་ལ་ བསྒོའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གང་ཁྱིམ་བདག་དེས་དེ་བཞིན་གཤེགས་པ་དེ་སྙེད་ཅིག་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་པ་དེ་སྙེད་དུ་བསྟི་སྟང་ བྱས། བླ་མར་བྱས། རིམ་གྲོར་བྱས་བས་བསོད་ནམས་བསྐྱེད་པ་བས་གང་གིས་རུ་ཤིང་བཞིན་དུ་བྱས། ཡིད་ལ་བྱས། སེམས་ཐམས་ཅད་ཀྱིས་བསམས་ཏེ་རྣ་བླགས་ [198B]ཙམ་ཡང་འདུ་བྱེད་ཐམས་ཅད་མི་རྟག་པའམ། སྡུག་བསྔལ་བའམ་ཞི་བའམ། སྟོང་པའམ། བདག་མེད་པའོ་ ཞེས་ཡིད་ལ་བྱེད་ན་འདི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དེ་ཀུན་དགའ་བོ། གང་ཆོས་གུས་པར་འཆད་པ་དང། གང་ཆོས་གུས་པར་ཉན་པ་ནི་བསོད་ནམས་ཆེས་མང་ དུ་སྐྱེད་དོ། །ཀུན་དགའ་བོ། ངས་འདི་ལ་དགོངས་ནས་འདི་སྐད་དུ་རྣམ་པ་གཉིས་ཀྱི་དོན་གྱི་ཕྱིར། །སངས་རྒྱས་བཤད་པ་མཉན་པར་བྱ། །ཟག་པ་རྣམས་ཀྱང་ཟད་པར་འགྱུར།། བྱང་ཆུབ་ཉེ་བར་གྱུར་པར་འདོད། གང་ཞིག་ཆོས་རྣམས་འཆད་པ་དང། །དྲང་སྲོང་རྒྱལ་མཚན་གང་འཛིན་པ། །གཉིས་ཀ་བསོད་ནམས་ལྡན་པར་འགྱུར། །ཆོས་ནི་དྲང་སྲོང་ རྒྱལ་མཚན་ཡིན། །ཞེས་བཤད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། གང་ཆོས་གུས་པར་འཆད་པ་ དང། གང་ཆོས་གུས་པར་ཉན་པ་འདི་གཉིས་ནི་བདུད་དང་ལྷན་ཅིག་ཏུ་གཡུལ་འདྲེ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ཉིད་དང་ དགེ་བའི་གྲོགས་སུ་གྱུར་པ་ཉིད་དང། དགེ་བའི་བཤེས་གཉེན་དང་ལྡན་པ་འདི་ནི་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་བར་བྱེད་པའོ་།དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ [199A]༄༅། །དགེ་བའི་བཤེས་གཉེན་ལ་བརྟེན་ནས་སེམས་ཅན་སྐྱེ་བའི་ཆོས་ཅན་རྣམས་སྐྱེ་བ་ལས་ཡོངས་སུ་ཐར་བར་འགྱུར་བ་ནས་སེམས་ཅན་འཁྲུག་པའི་ ཆོས་ཅན་རྣམས་འཁྲུག་པ་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཀུན་དགའ་བོ། ངས་ཉན་ཐོས་རྣམས་ལ་ཡང་དག་པའི་ལྟ་བ་འབྱུང་བའི་རྒྱུ་གཉིས་དང། རྐྱེན་གཉིས་ནི་ འདི་ལྟ་སྟེ། གཞན་གྱི་སྒྲ་དང། སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་གསུངས་པའང་དེ་ཡིན་ཏེ། ཀུན་དགའ་བོ། དེ་དག་ལས་གཞན་གྱི་སྒྲ་ནི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ལས་བྱུང་བར་རིག་པར་བྱའོ། །གང་སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་དེའང་སངས་རྒྱས་བཅོམ་ལྡན་འདས་ཉིད་ལས་བྱུང་བར་རིག་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ རྣམས་མ་བྱུང་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཅི་ཞིག་ཡིད་ལ་བྱ་བ་མི་ཤེས་ཀྱི། ཆོས་འདི་དག་ཡིད་ལ་བྱའོ་ཞེས་དེ་བཞིན་གཤེགས་པ་ཉིད་ཀྱིས་བསྟན་པའི་ཕྱིར་རོ། །ཀུན་ དགའ་བོ། ངས་དོན་གྱི་གཞི་འདི་མཐོང་ནས་སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་དེའང་སངས་རྒྱས་བཅོན་ལྡན་འདས་རྣམས་ལས་བྱུང་བར་རིག་པར་བྱའོ་ཞེས་དེ་ [199B] །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སྐྱེས་བུ་དམ་པ་རྣམས་ནི་མཐོང་ན་ལེགས། །ཐེ་ཚོམ་རྣམས་ནི་གཅོད་ཅིང་སེལ་ བར་བྱེད། །བྱིས་པ་རྣམས་ཀྱང་རབ་ཏུ་མཁས་པར་བྱེད། །དེ་བས་མཁས་པ་རྣམས་ནི་མཐོང་ན་ལེགས། །འཕགས་པ་རྣམས་ནི་མཐོང་ན་བདེ། །དམ་པ་རྣམས་དང་འགྲོགས་པའང་ བདེ། བྱིས་པ་རྣམས་ནི་མ་མཐོང་ན། །དམ་པ་རྣམས་ལ་རྟག་ཏུ་བདེ་ཀུན་དགའ་བོ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང། དགེ་བའི་གྲོགས་སུ་གྱུར་པ་དང། དགེ་བའི་ བཤེས་གཉེན་གྱ་གྱུ་མེད་པ་ཉིད་ནི་ཚངས་པར་སྤྱོད་པ་འདི་རྫོགས་པར་བྱེད་པའོ་ཞེས་བྱ་བའང་ངས་འདི་ལ་དགོངས་ཏེ་ཚིག་དེ་སྐད་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ དགེ་བའི་བཤེས་གཉེན་ལ་བརྟེན་ནས་སེམས་དགེ་བར་འགྱུར་རོ། །སེམས་དགེ་བས་བསམ་པ་དགེ་བར་འགྱུར། སྦྱོར་བ་དགེ་བར་འགྱུར། དགེ་བའི་ཆོས་ལ་སེམས་དང་བར་ འགྱུར། དགེ་བའི་ཆོས་ལ་ཉེ་བར་གནས་པར་འགྱུར། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཤེས་ནས་དད་བར་འགྱུར། ཆོས་ལ་ཤེས་ནས་དད་པར་འགྱུར། དགེ་འདུན་ལ་ ཤེས་ནས་དད་པར་འགྱུར། འཕགས་པ་དགྱེས་པའི་ཚུལ་ཁྲིམས་རང་དབང་ཅན་མཁས་པས་བསྔགས་པ། མྱ་ངན་ལས་འདའ་བར་འགྱུར་བ་རྣམས་ཐོབ་པར་འགྱུར་རོ། ། [200A]༄༅། །ཀུན་དགའ་བོ། འདི་ལྟ་སྟེ། དཔེར་ན། ཆར་རབ་ཏུ་བབ་ན་ཤང་ཤོང་རྣམས་ཡོངས་སུ་གང་བར་བྱེད་དོ། །ཤང་ཤོང་རྣམས་ཡོངས་སུ་གང་ནས་ཆུ་དྲན་རྣམས་ བྲུག་པར་བྱེད་དོ། །ཆུ་བྲན་རྣམས་བྲུག་ནས་ཀླུང་ཆེན་པོ་རྣམས་བྲུག་པར་བྱེད་དོ། །ཀླུང་ཆེན་པོ་བྲུག་པ་རྣམས་ཀྱིས་མཚོ་ཆེན་པོ་རྒྱ་མཚོ་ཡོངས་སུ་གང་བར་འགྱུར་རོ། །ཀུན་དགའ་ བོ། དེ་བཞིན་དུ་དགེ་བའི་བཤེས་གཉེན་དང། དགེ་བའི་གྲོགས་སུ་གྱུར་བ་དང། དགེ་བ་དང་རབ་ཏུ་ལྡན་པ་དང། དགེ་བ་གཙོ་བོར་གྱུར་པ་དང། དགེ་བའི་སེམས་ཉིད་ལ་ བརྟེན་ནས་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་ཐོབ་པ་རྣམས་ནི་རྗེས་སུ་མཐུན་པའི་ཆོས་ཀྱི་བར་དུ་བསྒྲུབས་པས་རབ་ཏུ་མཐར་ཐུག་པ་དང། རབ་ཏུ་དྲི་མ་མེད་པ་དང། རབ་ ཏུ་ཚངས་པར་སྤྱོད་པ་དང། རབ་ཏུ་མཐར་ཕྱིན་པར་འགྱུར་རོ་།ཀུན་དགའ་བོ། ཕྱི་རོལ་གྱི་དངོས་པོར་གྱུར་པ་འདི་དག་ཀྱང་དུས་ལ་བབ་ན་སྐྱེ་བར་འགྱུར་བ་དང། མེ་ཏོག་ དང། ཡལ་ག་དང། འབྲས་བུ་འབྱིན་པ་ལ་ལྟོས། ཀུན་དགའ་བོ། འདི་ལྟར་ཕྱི་རོལ་གྱི་དངོས་པོ་འདི་དག་ཀྱང་སླུ་བར་མི་བྱེད་ན་ཁྱེད་ཀྱི་ལེགས་པར་སྤྱད་པ་མི་སླུ་བ་ལྟ་ཅི་ སྨོས་ཏེ། དེ་ནི་གནས་མེད་དོ། །ཀུན་དགའ་བོ། ལེགས་པར་སྤྱད་པ་ནི་སུ་ལའང་མི་སླུའོ། །ལེགས་པར་སྤྱད་པ་སྤྱོད་ཅིག་ཀུན་དགའ་བོ་ངའང་ལེགས་པར་སྤྱད་བས་ [200B] །ཀུན་དགའ་བོ། ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ལེགས་པར་སྤྱད་པ་གང་ཡིན་པ་དེ་དག་སྤྱོད་དེ། ལེགས་པར་སྤྱད་པ་དེས་ང་མ་བསླུས་ས། ཀུན་ དགའ་བོ། དེ་བཞིན་གཤེགས་པ་ལམ་གང་ནས་གཤེགས་པ་དེ་ན་གངས་མཐོན་དམན་དང། ངམ་གྲོག་དང། གཡང་ས་དང། སྟོར་ཁུང་དང་ཤོད་ཁུད་དང། སྡོང་ དུ་མ་དང། ཚེར་མ་སྟུག་པོ་དེ་དག་ཐམས་ཅད་འདུད་ཅིང་མེད་པར་འགྱུར་པ་དང། ས་དམའ་བ་མཐོང་པོར་འགྱུར་བ་དང། མཐོན་པོ་དམའ་བར་འགྱུར་པ་དང། ཤིང་རྣམས་ རབ་ཏུ་འདུད་པ་དང། ཤིང་གི་ལྷ་རྣམས་ཕྱག་འཚལ་བ་དང་ཚོང་དུས་དང། སྲང་དག་ན་སྐྱེ་བོ་གང་དག་འཁོད་པ་དེ་དག་དེ་བཞིན་གཤེགས་པ་བཞུད་པའི་རྗེས་སུ་འབྲང་ སྟེ། དེ་བཞིན་གཤེགས་པ་འདས་ནས་དེ་དག་སླར་རང་གི་གནས་ན་འཁོད་པ་ལ་ལྟོས། ཀུན་དགའ་བོ། སྔོན་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། རང་སངས་ རྒྱས་རྣམས་དང། དགྲ་བཅོམ་པ་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་དང། དགེ་བའི་བཤེས་གཉེན་ཡིད་དུ་འོང་བ་རྣམས་དང། དགེ་སྦྱོང་དང། བྲམ་ཟེ་རྒན་པ་ རྣམས་ལ་རྟག་ཏུ་གུས་པ་དང། འདུད་པ་དང། ཕྱག་འཚལ་བའི་ལེགས་པར་སྤྱད་བའི་རྒྱུ་མཐུན་པ་ལ་ལྟོས། ཀུན་དགའ་བོ། ཕྱི་རོལ་གྱི་དངོས་པོ་སེམས་མེད་པའང་དེ་ [201A]༄༅། །བཞིན་གཤེགས་པ་ལ་འདུད་ཅིང་ཕྱག་འཚལ་བ་དང། མཐོ་བར་འགྱུར་བ་དང། དངོས་པོ་གང་དག་དམའ་བར་འོས་པའམ། མཐོ་བར་འོས་པ་ དེ་དག་དེ་བཞིན་གཤེགས་པ་མཐོང་མ་ཐག་ཏུ་དམའ་བ་དང་མཐོ་བར་འགྱུར་བ་ལེགས་པར་སྤྱད་པའི་ཁྱད་པར་ལ་ལྟོས། འདི་ལ་མི་བླུན་པོ་ཁ་ཅིག་ནི་ང་རྒྱལ་གྱི་ཟིལ་ གྱིས་ནོན། །ང་རྒྱལ་གྱིས་བསླད། ང་རྒྱལ་གྱིས་སེམས་ཡོངས་སུ་གདུངས་ནས་སུ་ལའང་མི་འདུད་དོ། །ཀུན་དགའ་བོ། དེ་བཞིན་གཤེགས་པའི་ཕྱག་དྲ་བར་འབྲེལ་བ་ དང། ཞབས་དྲ་བར་འབྲེལ་བ་དེ་དག་ཐམས་ཅད་ཀྱང་ལེགས་པར་སྤྱད་པ་ལས་གྱུར་པ་ལ་ལྟོས། ཀུན་དགའ་བོ། གང་ངས་སྔོན་སྦྱིན་པ་དང། ཚིག་སྙན་པ་དང། དོན་ སྤྱད་པ་དང། དོན་མཐུན་པས་སེམས་ཅན་རྣམས་བསྡུས་པ་སྔོན་གྱི་ལེགས་པར་སྤྱད་པ་དེ་དག་ལ་ལྟོས། ཀུན་དགའ་བོ། ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ འདི་ནི་ངའི་མ་ཡིན། འདི་ནི་ངའི་ཕ་ཡིན། འདི་ནི་ཕུ་ནུ་བོ། འདི་ནི་སྲིང་མོ། འདི་ནི་ཉེ་དུ། འདི་ནི་མཛའ་བོ། འདི་ནི་མི་མཛའ་བ་ཡིན་ནོ་སྙམ་པ་དེ་ལྟ་བུར་མ་གྱུར་གྱི་ ཀུན་དགའ་བོ། ང་ནི་སེམས་ཅན་ཐམས་ཅད་ལ་སེམས་རོ་གཅིག་པ་དང་སེམས་མཉམ་ཞིང་སེམས་མི་མཉམ་པ་མེད་པ་དང། བདག་གི་སེམས་སུ་གྱུར་ཏོ། །ཀུན་ [201B] ཡུན་རིང་པོ་འདི་ན་གང་ངས་སྦྱིན་པ་དང། ཚིག་སྙན་པ་དང། དོན་སྤྱད་པ་དང། དོན་མཐུན་པས་མ་བཟུང་བའི་སེམས་ཅན་དེ་ནི་རྙེད་པར་སླ་བ་མ་ཡིན་ན་བྱིས་པ་སོ་སོའི་སྐྱེ་བོ་ རྣམས་ནི་དེ་ལྟར་བཟུང་བར་མི་ཤེས་སོ། །ཇི་ལྟར་འཁོར་བའི་སྔོན་གྱི་མཐའ་མི་མངོན་པ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བདེ་བ་མྱོང་སྟེ། ཀུན་དགའ་བོ། བྱིས་པ་སོ་སོའི་ སྐྱེ་བོ་ཐམས་ཅད་ཀྱིས་རང་གིས་བསོད་ནམས་མངོན་པར་འདུས་བྱས་པས་བདེ་བ་མྱོང་བར་གྱུར་པ་དེ་བས་ནི་གང་ངས་སེམས་ཅན་གཅིག་ལ་བདེ་བར་སྦྱར་ཞིང་བསྒྲུབས་པ་འདི་ ཆེས་མང་སྟེ། ངས་སེམས་ཅན་རྣམས་ལ་བདེ་བར་སྦྱར་བ་བསྒྲུབས་པ་ཙམ་ནི་སེམས་ཅན་དེ་དག་གིས་རང་གིས་བསོད་ནམས་མངོན་པར་འདུས་བྱས་པས་བདེ་བ་མ་མྱོང་ངོ། ། ཀུན་དགའ་བོ། །འོན་ཀྱང་བདེ་བར་སྦྱོར་བ་དེ་དག་ཐམས་ཅད་ནི་མི་རྟག་བ་སྟེ། འགྱུར་བའི་ཆོས་ཅན་ནོ། །གང་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བྱིས་པ་སོ་སོའི་སྐྱེ་ བོ་རྣམས་ལ་བདེ་བར་སྦྱོར་བ་ཐམས་ཅད་ཉེ་བར་སྦྱར་བ་དེ་དག་ཐམས་ཅད་ནི་ལམ་འདི་ལ་དགོད་པའི་ཕྱིར་ཡོངས་སུ་སྨིན་པར་འགྱུར་བ་ཤ་སྟག་གོ། །དེ་ལྟར་བདེ་བ་གང་གིས་ ངས་ཁྱེད་བདེ་བར་བྱས་པ་འདུས་མ་བྱས་པའི་བདེ་བ། འཕགས་པ་ཟག་པ་མེད་པའི་བདེ་བ། དེ་དག་ནི་ནམ་ཡང་ཕྱིས་ཡོངས་སུ་མི་འགྱུར་ཞིང་ཆུད་ཟ་བར་མི་འགྱུར་རོ། ། [202A]༄༅། །ཀུན་དགའ་བོ། དེ་བས་ན་འཕགས་པའི་ཡེ་ཤེས་ཀྱིས་བྱ་བ་བྱོས་ཤིག་ཀུན་དགའ་བོ། ཡེ་ཤེས་ཀྱི་བྱ་བས་བྱ་བ་བྱོས་ཤིག་།ངས་ནི་བྱས་ཟིན་ ཏོ༑ ༑ཀུན་དགའ་བོ། སྤྱོད་པ་གཞན་ཡང་ཐ་ན་སེམས་དད་པ་གཅིག་བསྐྱེད་པའི་དགེ་བའི་རྩ་བའི་རྣམ་པར་སྨིན་པ་ངས་བཤད་ཟིན་ཏོ། །ཀུན་དགའ་བོ། སེམས་ཅན་དགེ་ བའི་རྩ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། མྱ་ངན་ལས་འདས་པའི་ས་བོན་བསྐྱེད་པ་དག་ཀྱང་ཡོད་དོ། །ཀུན་དགའ་བོ། སེམས་ཅན་གང་དག་གིས་དེ་བཞིན་གཤེགས་ པ་ཡང་དག་པར་རྗེས་སུ་དྲན་ནས་ང་འདི་ལྟ་བུར་ཟད་ཅིང་ཡོངས་སུ་ཉམས་པ་ཐོས་ན་དགའ་བ་ཙམ་མམ་དད་པ་ཙམ་གྱིས་མཆི་མ་འབྱུང་བ་དག་ཀྱང་ཡོད་དོ། །ཀུན་དགའ་ བོ༑ དེ་བཞིན་གཤེགས་པ་རྗེས་སུ་དྲན་ནས་ཤུགས་རིང་པོ་འབྱིན་པའི་སེམས་ཅན་དག་ཀྱང་ཡོད། སྤུ་ཟིང་ཞེས་བྱེད་པ་དག་ཀྱང་ཡོད་དེ་སེམས་ཅན་དེ་དག་ནི་སེམས་ ཅན་དམྱལ་བ་དང། དུད་འགྲོའི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་དུ་མི་འགྲོ་ཞིང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གཞོལ་བ་དག་གོ། ཀུན་ དགའ་བོ། དེ་བཞིན་དུ་གང་ལ་ལ་ང་རྗེས་སུ་དྲན་ནས་ཆོས་ཀྱི་ཤུགས་ཀྱིས་མཆི་མ་འབྱུང་བའམ། སྤུ་ཟིང་ཞེས་བྱེད་པའམ། ཤུགས་རིང་དུ་འབྱིན་པར་འགྱུར་བའི་སེམས་ [202B] ཀུན་དགའ་བོ། དུད་འགྲོའི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་དུ་མི་འགྲོའོ། །ལོག་པར་ལྟུང་བ་ཐམས་ཅད་དུ་མི་འགྲོའོ། །ཀུན་དགའ་བོ། དེ་བས་ ན་བག་ཡོད་པ་ལ་བརྩོན་པར་གྱིས་ཤིག་ཀུན་དགའ་བོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་བག་ཡོད་པས་ཐོབ་ཅིང་དེ་ལས་གཞན་པའི་དགེ་བ་བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་རྣམས་ཀྱང་བག་ཡོད་པས་ཐོབ་བོ། །ཀུན་དགའ་བོ་གང་འདོམས་པ་པོས་བྱ་བ་དང། གང་དོན་འདོད་པ་དང། ཕན་པ་དང་བདེ་བ་འདོད་པ་དང། ཕན་པར་དགའ་ བ་དང་སྙིང་རྗེ་ཅན་དང། སྙིང་བརྩེ་བ་ཅན་གྱིས་སྙིང་བརྩེ་བའི་ཕྱིར་བྱ་བ་དེ་དག་ངས་བྱས་ཀྱི། ད་ནི་ཁྱེད་ཀྱིས་ཅི་ནས་ཀྱང་དགེ་བའི་ལམ་རྒྱུན་ཆད་པར་མི་འགྱུར་བ་དང། དམ་ པའི་ཆོས་ཀྱི་ཚུལ་ནུབ་པར་མི་འགྱུར་བར་གྱིས་ཤིག་ཀུན་དགའ་བོ་ཅི་ནས་ཀྱང་དམ་པའི་ཆོས་ཀྱི་ཚུལ་འདི་ཡུན་རིང་དུ་གནས་པར་འགྱུར་བ་དང་ལྷ་དང་མི་རྣམས་ལ་ཡངས་ ཤིང་རྒྱ་ཆེར་འགྱུར་བར་གྱིས་ཤིག་ཀུན་དགའ་བོ། ཆོས་དཀོན་མཆོག་གི་མཛོད་འདི་ཅི་ནས་ཀྱང་རབ་ཏུ་མི་འཇིགས་པར་བྱ་བའི་ཕྱིར་ངས་ཁྱོད་ལ་གཏད་དོ། །འདི་ནི་ངས་ རྗེས་སུ་བསྟན་པའོ། །འདི་ནི་ངའི་རྗེས་སུ་བསྟན་པའོ། །དམ་པའི་ཆོས་ཡོངས་སུ་གཏད་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཉིས་རྫོགས་སོ།། །།དེ་ནས་བཅོམ་ [203A]༄༅། །ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ བདག་གིས་ཇི་ལྟར་བསྒྲུབས་ན་དམ་པའི་ཆོས་ཀྱི་ཚུལ་འདི་ཡུན་རིང་དུ་གནས་པ་དང། ལྷ་དང་མི་རྣམས་ལ་ཡངས་ཤིང་རྒྱ་ཆེ་བར་འགྱུར། བཅོམ་ལྡན་འདས། ཆོས་ཀྱི་ཚུལ་ འདི་བདག་གིས་ཇི་ལྟར་ཡང་དག་པར་བསྡུ་བར་བགྱི། ཇི་ལྟར་རབ་ཏུ་བསྟན་པར་བགྱི། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དགེ་སློང་གནས་བརྟན་དག་འདུས་ནས་ཆོས་དང་འདུལ་བ་ཡང་དག་པར་སྡུད་པར་བྱེད་དེ་ དེ་ལ། ཀུན་དགའ་བོ། གནས་བརྟན་འོད་སྲུང་ཆེན་པོ་ལ་སོགས་པ་དགེ་སློང་གནས་བརྟན་དག་ཁྱོད་ལ་འདི་སྐད་འདྲིའོ། །ཀུན་དགའ་བོ། དེ་བཞིན་གཤེགས་པས་བསྟན་ པ་ཆེན་པོ་དག་གང་དུ་གསུངས། གླིང་གཞི་ཆེན་པོའི་རྣམ་གྲངས་དག་གང་དུ། མཉམ་པར་བཞག་པ་ཆེན་པོ་གང་དུ། ལྔ་པ་དང་གསུམ་པ་གང་དུ། ལྷས་ཞུས་པ་དག་ གང་དུ། བརྒྱ་བྱིན་གྱིས་ཞུས་པ་དག་གང་དུ། ལྷ་ཡུལ་ནས་བབས་པ་གང་དུ། ཚངས་པའི་དྲི་བ་གང་དུ་གསུངས་ཞེས། ཀུན་དགའ་བོ། དགེ་སློང་དེ་དག་རྣམ་གྲངས་དེ་དག་ [203B] །ཀུན་དགའ་བོ། དེ་བཞིན་གཤེགས་པས་མདོའི་སྡེ་དག་གང་དུ་གསུངས། དབྱངས་ཀྱིས་བསྙད་པའི་སྡེ་དང། ལུང་བསྟན་པའི་སྡེ་དང་ ཚིགས་སུ་བཅད་པའི་སྡེ་དང། ཆེད་དུ་བརྗོད་པའི་སྡེ་དང། གླེང་གཞིའི་སྡེ་དང། རྟོགས་པ་བརྗོད་པའི་སྡེ་དང། དེ་ལྟ་བུ་བྱུང་བའི་སྡེ་དང། སྐྱེས་པ་རབས་ཀྱི་སྡེ་དང། ཤིན་ཏུ་རྒྱས་ པའི་སྡེ་དང། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་གཏན་ལ་དབབ་པར་བསྟན་པའི་སྡེ་དག་གང་དུ་གསུངས། ཀུན་དགའ་བོ། དེ་བཞིན་གཤེགས་པས་ཉན་ཐོས་ཀྱི་སྡེ་སྣོད་གང་ དུ་གསུངས། རང་སངས་རྒྱས་ཀྱི་སྡེ་སྣོད་གང་དུ་གསུངས། ཐེག་པ་ཆེན་པོ་བྱང་ཆུབ་སེམས་པའི་སྡེ་སྣོད་གང་དུ་གསུངས་ཞེས། ཀུན་དགའ་བོ། དེ་ན་དགེ་སློང་དེ་དག་གིས་ཁྱོད་ ལ་དེ་སྐད་དྲིས་པ་དང་འདི་སྐད་ལུང་སྟོན་ཅིག་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དང་པོ་མངོན་པར་རྫོགས་པར་སངས་རྒྱས་ནས་ཡུལ་མ་ག་ དྷ་ན་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་ག་ཡཱ་ལ་བཞུགས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ བཅོམ་ལྡན་འདས་ཡུལ་མ་ག་དྷཱ་ན་ར་རྫིའི་ཤིང་ནྱ་གྲོ་དཧའི་དྲུང་ན་བཞུགས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཝཱ་ར་ཎཱ་སི་ན་དྲང་སྲོང་ [204A]༄༅། །ལྷུང་བ་རི་དྭགས་ཀྱི་ནགས་ན་བཞུགས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་དང་ ལུས་འཕགས་རི་ཡངས་པའི་སྟེང་ན་དབང་པོའི་བྲག་ཕུག་ན་བཞུགས་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ ཚལ་བྱ་ཀ་ལནྟ་ཀ་གནས་པ་ན་བཞུགས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དྲང་སྲོང་གི་རིའི་ངོས་སྲིན་བུའི་བྲག་ལ་བཞུགས། འདི་སྐད་ བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས། འདི་སྐད་བདག་ གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་ན་ཤིང་ཨ་མྲས་སྐྱོང་མའི་ཚལ་དང། སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་གནས་ན་བཞུགས་ དེ་བཞིན་དུ་ཡུལ་ཙམྤ་ན་གགྲགྶ་བརྐོས་པའི་རྫིང་གི་འགྲམ་ན་བཞུགས། དེ་བཞིན་དུ་ག་ཡཱ་ན་ག་ཡཱ་མགོའི་རི་ལ་བཞུགས། དེ་བཞིན་དུ་ཡུལ་ཀོའུ་ཤམྦི་ན་སྒྲས་མངོན་ གྱི་ཀུན་དགའ་ར་བ་ན་བཞུགས། ཡུལ་གནས་བཅས་ན་ནག་པོའི་ཀུན་དགའ་ར་བ་ན་བཞུགས། སྐྱ་སྣར་གྱི་བུ་ན་བུ་མང་པོ་པའི་མཆོད་རྟེན་གྱི་དྲུང་ན་བཞུགས། ཡུལ་ [204B] འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ན་གྱད་རྣམས་ཉེ་བར་གནས་པ་ཤིང་ སཱ་ལའི་ཚལ་ན་བཞུགས་ཞེས། ཀུན་དགའ་བོ། རྣམ་གྲངས་དེ་དག་གིས་གང་དང་གང་དུ་དེ་བཞིན་གཤེགས་པས་ཆོས་བཤད་པ་དང། འཁོར་གང་དང་གང་དང། དུས་ ཚིགས་གང་དང་གང་དུ་དང། དོན་གང་ལ་བརྟེན་པ་དང། གང་ཟག་གང་ལས་བརྩམས་པ་དང། ཡེ་ཤེས་གང་དང་གང་བསྟན་པའི་ཕྱིར་རྣམ་གྲངས་གང་དང་གང་གིས་གསུངས་པ་ དང། དོན་དང། ཚིག་དང། ཡི་གེ་གང་དང་གང་དག་གིས་རྣམ་གྲངས་གང་དང་གང་གསུངས་པ་དེ་ལ་ཁྱོད་ཀྱིས་གླེང་གཞི་དང་བཅས་པ་དང། རྒྱུ་དང་བཅས་པ་དང། རྐྱེན་དང་ བཅས་པ་དང། དོན་བཟང་པོ་དང། ཚིག་འབྲུ་བཟང་པོར་རྒྱས་པར་སྟོན་ཅིག་མདོ་སྡེའི་མཇུག་ཏུའང་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་ པའི་འཁོར་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྲིས་ཤིག་ཀུན་དགའ་བོ། ཆོས་ཀྱི་ཚུལ་འདི་དེ་ལྟར་ཡང་དག་པར་བསྡུ་པར་ བྱའོ། །དེ་ལྟར་རྣམ་པར་དབྱེ་བར་བྱའོ། །དེ་ལྟར་རབ་ཏུ་བསྟན་པར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། འདི་སྐད་ [205A]༄༅། །བདག་གིས་ཐོས་པ་དུས་གཅིག་ཏུ། བཅོམ་ལྡན་འདས་ཞེས་བྱ་བའི་ཚིག་དེ་སྐད་ཅེས་གསུངས་མ་ཐག་ཏུ་དེ་ནས་དེའི་ཚེ་འཇིགས་ཤིང་སྤུ་ཟིང་ཞེས་བྱེད་པ་ དང་བཅས་པའི་ས་གཡོས་པ་ཆེན་པོ་འཇིག་རྟེན་དུ་བྱུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འྡིའང་དེའི་ཚེ་རྣམ་པ་དྲུག་ཏུ་གཡོ། རབ་ཏུ་གཡོ། ཀུན་ཏུ་རབ་ ཏུ་གཡོ། ལྡེག་རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། འཁྲུགས། རབ་ ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ་ཀུན་ཏུ་རབ་ཏུ་ཆེམ་ཆེམ། ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ། ནུབ་ཕྱོགས་དམའ་ན་ཤར་ ཕྱོགས་མཐོ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ། མཐའ་དམའ་ན་དབུས་མཐོ། དབུས་དམའ་ན་མཐའ་མཐོ་བར་གྱུར་ཏོ། ། དེའི་ཚེ་ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་རྣམས་དང། བརྒྱ་བྱིན་དང། ཚངས་པ་དང་ འཇིག་རྟེན་སྐྱོང་བ་རྣམས་དང། མི་དང། མི་མ་ཡིན་པ་དཔག་ཏུ་མེད་པ་དག་རབ་ཏུ་ངུ་སྟེ་མཆི་མ་བྱུང་ཞིང་ཚིག་འདི་སྐད་དུ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་ [205B] །བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་ཧ་ཅང་མྱུར་ཆེས་སོ། །འཇིག་རྟེན་གྱི་མིག་མི་སྣང་བར་འགྱུར་བ་ཧ་ཅང་མྱུར་ཆེས་སོ། ། འཇིག་རྟེན་གྱི་མིག་མ་མཆིས་ཤིང་ལོང་བར་འགྱུར་བ་ཧ་ཅང་མྱུར་ཆེས་སོ་ཞེས་ཟེར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོའང་རབ་ཏུ་དུ་ཞིང་མཆི་མ་བྱུང་ནས། བཅོམ་ལྡན་ འདས་ཡོངས་སུ་མྱ་ངན་ལས་འདའ་བ་ཧ་ཅང་མྱུར་ཆེས་སོ། །བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་ཧ་ཅང་མྱུར་ཆེས་སོ་།འཇིག་རྟེན་གྱི་མིག་མི་སྣང་བར་འགྱུར་ བ་ཧ་ཅང་མྱུར་ཆེས་སོ། །འཇིག་རྟེན་གྱི་མིག་མ་མཆིས་ཤིང་ལོང་བར་འགྱུར་བ་ཧ་ཅང་མྱུར་ཆེས་སོ། །འཇིག་རྟེན་ཡོངས་སུ་འདྲེན་པ་མ་མཆིས་པར་འགྱུར་བ་ཧ་ཅང་མྱུར་ཆེས་སོ། ། ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཐོང། མྱ་ངན་མ་བྱེད་སྨྲེ་སྔགས་མ་འདོན། ཀུན་དགའ་བོ། གང་ སྐྱེས་ཤིང་བྱུང་བ། བྱས་པ། འདུས་བྱས་པ། བསགས་པ། རྟེན་ཅིང་འབྲེལ་བར་འབྱུང་བ། རབ་ཏུ་འཇིག་པའི་ཆོས་ཅན་དེ་དག་རབ་ཏུ་མི་འཇིག་པར་ག་ལ་འགྱུར་ཏེ། དེ་ནི་ གནས་མེད་དོ། །ཀུན་དགའ་བོ་ཁྱོད་ཀྱིས་ང་ལ་ཡུན་རིང་དུ་བྱམས་པའི་ལུས་ཀྱི་ལས་དང། བྱམས་པའི་ངག་གི་ལུས་དང། བྱམས་པའི་ཡིད་ཀྱི་ལས་ཕན་པ་དང། བདེ་བ་ [206A]༄༅། །དང། གཉིས་སུ་མེད་པ་དང། ཁོན་མེད་པ་དང། ཚད་མེད་པ་དང། གནོད་པ་མེད་པས་བསྙེན་བཀུར་བྱས་སོ། །ཀུན་དགའ་བོ་ཁྱོད་མཐུ་ཆེ་བ་དང་ གཟི་ཆེ་བ་དང། རྒྱ་ཆེ་བ་དང། བདུད་རྩི་ལྟ་བུ་དང། བདུད་རྩིས་ཀླས་པ་དང། བདུད་རྩིས་མཐས་གཏུགས་པར་འགྱུར་རོ། །ཀུན་དགའ་བོ། དེ་བས་ན་ཚངས་པ་མཚུངས་ པར་སྤྱོད་པ་རྣམས་ལ་བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱིས་གནས་པར་བྱའོ་ཞེས་ཀུན་དགའ་བོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ལས་གཞན་པའི་ཚངས་ པར་སྤྱོད་པ་རྣམས་ལའང་ཁྱོད་ཀྱིས་དེ་ལྟར་བསྙེན་བཀུར་བྱའོ་།དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ ཐ་མ་ལ་ཟད་པའི་དུས། འཇིག་པའི་དུས། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡོངས་སུ་ཟད་ཅིང་ཡོངས་སུ་ཉམས་པར་འགྱུར་བའི་དུས། ཚུལ་ཁྲིམས་དང་མི་ལྡན་ པའི་ཕྱོགས་མངོན་པར་འཕེལ་བའི་དུས། དམ་པའི་ཆོས་ཡོངས་སུ་ཉམས་པར་འགྱུར་བའི་དུས། ཆོས་མ་ཡིན་པའི་ཕྱོགས་ཤས་ཆེ་བར་འགྱུར་བའི་དུས། དམ་ པའི་ཆོས་སྤོང་བའི་དུས། རྒྱལ་པོ་འཁྲུག་པའི་དུས། སེམས་ཅན་རྣམ་པར་འཇིག་པའི་དུས། ཆོས་དང་འབྲལ་བའི་དུས། དགེ་སློང་དང་འབྲལ་བའི་དུས། འཁྲུག་ [206B] ཀུན་དགའ་བོ། དགེ་སློང་ཕལ་ཆེར་ལུས་མ་བསྒོམས་པ་དང། སེམས་དང་ཚུལ་ཁྲིམས་མ་བསྒོམས་པ་དང། ཤེས་རབ་མ་བསྒོམས་པར་འགྱུར་ ཏེ། དེ་ལུས་མ་བསྒོམས་པ་ནས་ཤེས་རབ་མ་བསྒོམས་པའི་བར་དུ་གྱུར་པས་གནས་དྲུག་ལ་ཆགས་པར་འགྱུར་ཏེ། དྲུག་གང་ཞེ་ན། འདི་ལྟ་སྟེ། ལྷུང་བཟེད་ལ་ཆགས་པ་དང་ ཆོས་གོས་ལ་ཆགས་པ་དང། བསོད་སྙོམས་ལ་ཆགས་པ་དང། མལ་སྟན་ལ་ཆགས་པ་དང། ན་བའི་གསོས་སྨན་དང། ཡོ་བྱད་ལ་ཆགས་པ་དང། སྣོད་བཟང་པོ་ལ་ཆགས་ པར་འགྱུར་རོ། །དེ་དག་ལྷུང་བཟེད་ཀྱི་ཕྱིར་འཐབ་མོར་གྱུར། ཤགས་སུ་གྱུར་ནས་གཅིག་ལ་གཅིག་ཁའི་མཚོན་མདུང་ཐུང་གིས་རྩོད་ཅིང་འགྱེད་པར་འགྱུར། གཅིག་ ལ་གཅིག་མི་སྙན་བ་སྒྲོགས་པར་འགྱུར། གཅིག་ལ་གཅིག་ཞེ་སྡང་བར་འགྱུར་རོ། །དེ་བཞིན་དུ་ཆོས་གོས་དང། བསོད་སྙོམས་དང། ན་བའི་གསོས་སྨན་དང། ཡོ་བྱད་ ཀྱི་ཕྱིར་གཅིག་ལ་གཅིག་ཞེ་སྡང་བའི་བར་དུ་འགྱུར་རོ། །གཅིག་ལ་གཅིག་ཀུན་ནས་མནར་སེམས་དང་ལྡན་པ་དང། ཐ་བའི་སེམས་དང་ལྡན་པ་དང། མ་དད་པའི་སེམས་ དང་ལྡན་པ་དང། ཞེ་འགྲས་པ་དང། རྣམ་པར་ཀུན་ནས་མནར་སེམས་དང། མ་དད་པའི་སེམས་དང་ལྡན་པར་འགྱུར་རོ། །ཀུན་དགའ་བོ། དེ་ལྟ་བས་ན་སྣང་བའམ་ [207A]༄༅། །དཔེན་པའམ། ཕྲ་བའམ། རགས་པའམ། བསམ་པའམ། སྦྱོར་བ་ནའང་རུང། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བྱམས་པའི་ལུས་ཀྱི་ ལས་ཀྱིས་གནས་པར་བྱའོ། །བྱམས་པའི་ངག་གི་ལས་དང། བྱམས་པའི་ཡིད་ཀྱི་ལས་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གནས་པར་བྱའོ་ཞེས་ཀུན་དགའ་ བོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། འདི་ལྟར་འཁྲུག་པ་ཆེན་པོའི་དུས་དེ་ལྟ་བུར་གྱུར་ཅིང་ཚེ་སྙིགས་མ་དང། ལྟ་བ་སྙིགས་མ་ དང། ཉོན་མོངས་པ་སྙིགས་མ་དང། དུས་སྙིགས་མ་དང། སེམས་ཅན་སྙིགས་མ་དང། ཞིང་སྙིགས་མར་གྱུར་པ་དེའི་ཚེ་ཁྱིམ་པ་རྣམས་ཀྱང་སྡུག་བསྔལ་བར་གྱུར་ ཏེ། སྡུག་བསྔལ་དུ་ཉེ་བར་ལྟུང། སྡུག་བསྔལ་གྱིས་གཙེས། མུ་གེས་གཙེས། ནད་ཀྱིས་གཙེས། འཆི་བས་གཙེས། ཆོམ་རྐུན་གྱིས་གཙེས། ཆར་མི་འབབ་པ་དང་ ཧ་ཅང་ཆར་ཆེས་པས་གཙེས། དུས་དང་བྱེ་བས་གཙེས་ཤིང་འཚེ་བ་རྣམ་པ་སྣ་ཚོགས་དེ་དག་དང་གཞན་དག་གིས་ཀྱང་གཙེས་པར་འགྱུར་ཏེ། ཀུན་དགའ་བོ། བྲམ་ ཟེ་དང་ཁྱིམ་བདག་དེ་དག་དེ་ལྟར་སྡུག་བསྔལ་བར་གྱུར་ཅིང་སྡུག་བསྔལ་དང་ལྡན་པས་དད་པར་འགྱུར་རོ། །མངོན་པར་དད་ཅིང་རྣམ་པར་མི་རྟོག་པ་མེད་པས་སངས་ [207B] ཆོས་དང་དགེ་འདུན་ལ་ཤེས་ནས་དད་པར་འགྱུར་རོ། །དེ་དག་སངས་རྒྱས་ལ་དམིགས་པའི་སེམས་དང། ཆོས་ལ་དམིགས་པའི་སེམས་དང། དགེ་འདུན་ ལ་དམིགས་པའི་སེམས་ཀྱིས་ཁ་ཅིག་ནི་གང་ཟག་ལ་དགའ་བས་སྦྱིན་པ་དག་སྦྱིན་པར་འགྱུར་རོ། །བསོད་ནམས་དག་བྱེད་པར་འགྱུར་རོ། །གསོ་སྦྱོང་འཛིན་པར་འགྱུར་རོ། ། ཁ་ཅིག་ནི་བསླབ་པའི་གཞི་རྣམས་འཛིན་པར་འགྱུར། ལུང་ནོད་པར་འགྱུར། ཁ་ཏོན་བྱེད་པར་འགྱུར། ཆོས་ཀྱང་ཉན་པར་འགྱུར་རོ་།མཉན་ནས་ཀྱང་སྒྲུབ་པར་བྱེད་ཅིང་དགའ་བ་དང་དད་ པ་དང་མཆོག་ཏུ་དགའ་བ་ཐོབ་པར་འགྱུར་ཏེ། དེ་དགེ་བའི་རྩ་བ་རྣམས་ཀྱང་སྐྱེད་པར་འགྱུར་རོ། །དེ་དག་དགེ་བའི་རྩ་བ་དང་ལྡན་པར་གྱུར་པས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་ འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ། འདི་ལྟར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཡང་ངན་སོང་དུ་འགྲོ་བར་འགྱུར་བ་དང། ཁྱིམ་པ་ཁྱིམ་ན་གནས་ པ་སྡུག་བསྔལ་བར་གྱུར་ཅིང་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་སེམས་དད་པའི་དགེ་བའི་རྩ་བས་བདེ་འགྲོར་འགྲོ་བར་འགྱུར་པ་དུས་དེ་ཇི་ཙམ་དུ་ལོག་པར་གྱུར་པ་ལ་ལྟོས་ ཀུན་དགའ་བོ། དེ་བས་ན་ལུས་དང། ངག་དང། ཡིད་སྡོམ་པས་བསྡམ་པར་བྱ་ཞིང་སེམས་དད་པ་དང། དགའ་བའི་སྟོབས་སུ་འགྱུར་བ་དང་དད་པ་དང། དང་བ་དང། ལྷག་ [208A]༄༅། །པའི་བསམ་པ་ཕུན་སུམ་ཚོགས་པ་དང། ལུས་ཀྱི་ལས་ལེགས་པར་བརྟགས་པ་དང། ངག་གི་ལས་ལེགས་པར་བརྟགས་པ་དང། ཡིད་ཀྱི་ལས་ལེགས་ པར་བརྟགས་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། རན་པར་མི་སྨྲ་བའི་གང་ཟག་གི་ཉེས་དམིགས་ལྔ་སྟེ། ལྔ་གང་ཞེ་ན། རྫུན་གྱི་ཚིག་སྨྲ་བ་དང། ངག་རྩུབ་པོ་ དང། ཕྲ་མའི་ཚིག་སྨྲ་བ་དང། ཚིག་ཀྱལ་པ་དང། བརྣབ་སེམས་ཅན་དུ་འགྱུར་ཞིང་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་ བར་སྐྱེ་བར་འགྱུར་བའོ། །ཀུན་དགའ་བོ། རན་པར་སྨྲ་བའི་གང་ཟག་གི་ཕན་ཡོན་ལྔ་སྟེ། ལྔ་གང་ཞེ་ན། རྫུན་གྱི་ཚིག་མི་སྨྲ་བ་དང། ངག་རྩུབ་པོ་མེད་པ་དང། ཕྲ་མ་མེད་ པ་དང། ཚིག་ཀྱལ་བ་མེད་པ་དང། བརྣབ་སེམས་མེད་པར་འགྱུར་ཞིང་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་བ་སྟེ། ལྔ་པོ་འདི་ དག་གོ། ཀུན་དགའ་བོ། གང་ཟག་འཐབ་མོ་བྱེད་པ་དང། མཚང་འདྲུ་བ་དང། རྩོད་པ་དང། ཤགས་འགྱེད་པ་དང། ཐ་བའི་སེམས་དང་གནོད་སེམས་ཅན་དང་ སེམས་མ་དད་པ་ལ་ཉེས་དམིགས་འདི་ལྔ་འབྱུང་ངོ། །ལྔ་གང་ཞེ་ན། འདི་ལ་གང་ཟག་འཐམ་མོ་བྱེད་པ་ནས་སེམས་མ་དད་པའི་བར་དུ་རྫུན་གྱི་ཚིག་སྨྲ་བ་དང། ཕྲ་མ་ [208B] ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་དང་བའི་སེམས་མི་སྐྱེད་པ་དང། ཉིན་མཚན་དུ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་མྱོང་བར་འགྱུར་ཞིང་ལུས་ཞིག་ནས་ཀྱང་སེམས་ཅན་ དམྱལ་བར་སྐྱེ་བ་སྟེ། ལྔ་པོ་འདི་དག་གོ། ཀུན་དགའ་བོ། གང་ཟག་བྱམས་པས་གནས་པ་ལ་ཕན་ཡོན་བཅུ་གཅིག་ཡོད་དེ། བཅུ་གཅིག་གང་ཞེ་ན། ཀུན་དགའ་བོ། འདི་ལ་གང་ ཟག་བྱམས་པས་གནས་པ་ནི་བདེ་བར་གཉིད་ལོག་པ་དང། བདེ་བར་སད་པ་དང། རྨི་ལམ་ངན་པ་མི་རྨི་བ་དང། མི་དང་མི་མ་ཡིན་པ་རྣམས་དགའ་བར་འགྱུར་བ་དང། ལྷ་རྣམས་ བསྲུང་བར་འགྱུར་བ་དང། དེ་ལ་དུག་གིས་མི་ཚུགས་པ་དང། དེ་ལ་མེས་མི་ཚུགས་པ་དང། དེ་ལ་མཚོན་གྱིས་མི་ཚུགས་པ་དང། ཆུས་འཆི་བའི་དུས་མི་བྱེད་པ་དང། གོས་དང་ ཟས་དང། མལ་ཆ་དང། ན་བའི་གསོས་སྨན་དང། ཡོ་བྱད་རྣམས་རྙེད་པ་དང། མིའི་ཆོས་བླ་མ་མ་རྟོགས་པས་ལུས་ཞིག་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་སྟེ། ཀུན་ དགའ་བོ། བྱམས་པས་གནས་པའི་གང་ཟག་གི་ཕན་ཡོན་བཅུ་གཅིག་པོ་འདི་དག་གོ། ཀུན་དགའ་བོ། དེ་བས་ན་ད་ལྟ་དང། ང་འདས་པའི་འོག་ཏུ་བདག་གླིང་དུ་གྱུར་པ་དང་ བདག་སྐྱབས་སུ་གྱུར་པ་དང། ཆོས་གླིང་དུ་གྱུར་པ་དང། ཆོས་སྐྱབས་སུ་གྱུར་པ་དང། གཞན་གླིང་མ་ཡིན་པ་དང། གཞན་སྐྱབས་མ་ཡིན་པར་གནས་པར་གྱིས་ཤིག་ཀུན་ [209A]༄༅། །དགའ་བོ། ཇི་ལྟར་ན་དགེ་སློང་བདག་གླིང་དུ་གྱུར་པ་ནས་གཞན་གླིང་མ་ཡིན་པ་དང། གཞན་སྐྱབས་མ་ཡིན་པའི་བར་དུ་གནས་ཤེ་ན། ཀུན་དགའ་ བོ༑ འདི་ལ་དགེ་སློང་བརྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས། ནང་གི་ལུས་ལ་ལུས་ཀྱི་རྗེས་ སུ་ལྟ་ཞིང་གནས་སོ། །བརྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས། ནང་གི་ཚོར་བ་རྣམས་དང་ སེམས་དང། ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ཀུན་དགའ་བོ། དེ་ལྟར་ན་དགེ་སློང་བདག་གླིང་དང་བདག་སྐྱབས་ཡིན་པར་གནས་ཀྱི་གཞན་གླིང་དང་གཞན་སྐྱབས་ མ་ཡིན་པར་གནས་པའོ། །ཀུན་དགའ་བོ། དེ་བས་ན་སྟོན་པས་ཉན་ཐོས་རྣམས་ལ་བྱ་བ་གང་ཡིན་པ་དེ་ངས་བྱས་ཟིན་གྱི་ད་ཁྱོད་ཀྱིས་གྱིས་ཤིག་ཀུན་དགའ་བོ་ དགོན་པ་དང། ཤིང་དྲུང་དང། ཁང་སྟོང་དང། བླ་གབ་མེད་པ་འདི་དག་ཏུ་བསམ་གཏན་གྱིས་ཤིག་ཀུན་དགའ་བོ། བག་མེད་པར་མ་བྱེད་ཅིག་ཕྱིས་འགྱོད་པར་ གྱུར་ཏ་རེ། འདི་ནི་ངས་རྗེས་སུ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཀུན་ཤེས་ཟུག་རྔུ་འབྱིན་པ་ཡི། །ལམ་ [209B] །དེ་བཞིན་གཤེགས་རྣམས་སྟོན་པ་སྟེ། །དེ་ནི་ཁྱེད་ཀྱིས་བརྩམ་པར་བྱ། །ལྟ་བ་རྣམ་དག་འགྱུར་བ་ཡི། །ལམ་གཞན་མེད་དེ་མཆོག་འདི་ཡིན། །བསྒྲུབ་ ན་བདུད་ཀྱིས་བཅིངས་པ་དག། །བཅད་ནས་རབ་ཏུ་ཐར་བར་འགྱུར་།སངས་རྒྱས་ཀྱིས་ནི་བཤད་པ་བཞིན། །གང་དག་གིས་ནི་འདི་རིག་པ་།སྟོན་པའི་བསྟན་པ་བྱེད་པ་དག། སྡུག་ བསྔལ་ཐ་མར་འབྱིན་པར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང། དགེ་སློང་དེ་དག་དང། ཐམས་ཅད་དང་ལྡན་ པའི་འཁོར་དེ་དང། ལྷ་དང། མི་དང། ལྷ་མ་ཡིན་དང། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །སྙིང་ རྗེ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་བསྟན་པའི་ལེའུ་སྟེ། བཅུ་གསུམ་པ་རྫོགས་སོ།། །།སྙིང་རྗེ་ཆེན་པོའི་པདྨ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་ སོ༑༑ ༑༑རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། ཤཱི་ལེནྡྲ་བོ་དཧི་དང། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།